༢༠༡༡ ཟླ་ ༡༢ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ རེས་གཟའ་སྤེན་པའི་ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༢ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་བྷེང་ལོར་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། ང་ཚོས་དགའ་སེམས་ཁོལ་བའི་ངང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༢ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ་དང་སྦྲགས། བོད་ནང་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོའི་སྡུག་བསྔལ་དང་རེ་བ་དེ་དག་ང་ཚོས་སེམས་ནང་མ་བརྗེད་པར་དྲན་དགོས། ཕྱི་ལོ་ ༢༠༠༨ ལོ་ནས་བོད་མི་ཚོས་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེས་རྒྱའི་བཙན་དབང་འོག་བོད་མི་ཚོས་དཀའ་སྡུག་ཇི་འདྲ་མྱོང་བཞིན་ཡོད་པའི་དཔང་རྟགས་ཤིག་མཚོན་ཐུབ། དེར་བརྟེན་ང་ཚོས་ཧ་ཅང་རྒྱས་སྤྲོས་ཀྱི་རྣམ་པ་མེད་པར་འོས་འཚམ་ལྡན་པའི་ལམ་ནས་དུས་ཆེན་འདི་བཞིན་སྲུང་བརྩི་ཞུ་རྒྱུ་དང། ལྷག་པར་དུས་ཆེན་འདི་དང་སྟབས་བསྟུན་ང་ཚོས་རྒྱ་གར་གཞུང་མང་གིས་བོད་མི་ཚོར་དཀའ་ངལ་ཆེ་བའི་སྐབས་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་ཉེ་ལམ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་མཛད་འཕྲིན་ལ་འཐེ་བྱུས་བྱེད་ཆེད་རྒྱ་གར་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱས་ཀྱང་རྒྱ་གར་གཞུང་གིས་རང་ཚུགས་བརྟན་པོ་བཟུང་གནང་སྟེ་དེར་ཡར་ལན་མ་སྤྲད་པ་དེས་ང་ཚོར་བློ་སྤོབས་ཧ་ཅང་སྐྱེས་བྱུང་ཞེས་སོགས་ཀྱི་གསུང་བཤད་གནང།
དེ་རྗེས་སྐུ་མགྲོན་གཙོ་བོ་ཀར་ཎ་ཊ་ཀ་མངའ་སྡེའི་འཛུགས་བསྐྲུན་ཚན་པའི་དྲུང་ཆེ་སྐུ་ཞབས་རཱཇ་ཀུ་མཱར་ཁ་ཏི་རི་(Raj Kumar khatri)མཆོག་ཕེབས་ཏེ་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བ་དང་བྱམས་བརྩེའི་བསླབ་བྱ་དེ་དག་ངའི་སེམས་ལ་ཧ་ཅང་ཕན་པོ་བྱུང། ང་རང་གཞུང་གི་འཛིན་སྐྱོང་ལས་བྱེད་ཅིག་ཡིན་པའི་ཆ་ནས་མང་ཚོགས་དཀྱུས་མའི་ཞབས་འདེགས་བསྒྲུབ་རྒྱུར་ཧ་ཅང་དགའ་པོ་ཡོད། ལྷག་པར་འབྲེལ་ཡོད་ས་གནས་བོད་མི་ཚོར་རོགས་རམ་གང་འདྲ་ཞུ་དགོས་ཀྱང་གྲ་སྒྲིག་ཨང་གསར་ཡོད། ཉེ་ལམ་བྷེང་ལོར་དུ་ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་ཁ་ཞུ་སྐབས་ཁོང་གིས་ཕྱག་རེ་རེས་ང་དང་ངའི་བཟའ་ཟླའི་ལག་པ་བཟུང་ཏེ་མཛའ་བརྩེ་ཆེན་པོས་བྱིན་རླབས་སྩལ་བྱུང་ཞེས་སོགས་ཀྱིས་གསུང་བཤད་གནང།
སྐུ་ཞབས་ཁ་ཏི་རི་མཆོག་ནི་ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་གཞུང་གི་འཛིན་སྐྱོང་ཚན་པ་ཨའི་ཨེ་ཨེ་སི་(IAS)ཞེས་པར་བསྐོ་གཞག་བྱུང་སྟེ་ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་འབྲེལ་ཡོད་ས་གནས་ཀར་ཝར་རྫོང་གི་རྫོང་དཔོན་གཞོན་པར་བསྐོ་གཞག་བྱུང་རྗེས་བོད་མི་ཚོའི་གནས་སྟངས་ཐོག་རྒྱུས་མངའ་ཆེན་པོ་ཆགས་ཡོད་པ་མ་ཟད། ས་གནས་བོད་མིའི་གཞིས་ཆགས་ཁག་གི་ཆུ་དང་གཞུང་ལམ། གློག་སོགས་ཀྱི་མཐུན་རྐྱེན་ཡར་རྒྱས་བཏང་ཡོད། དུས་ཆེན་མཛད་སྒོ་དེ་ནི་བྷེང་ལོར་ལྷོ་སྤྱི་ལས་ཁངས་ནས་གོ་སྒྲིག་ཐོག་ཚོགས་ཁང་དེ་བཞིན་བོད་ཁྱིམ་གྱིས་མཐུན་འགྱུར་ཞུས་ཡོད་པ་མ་ཟད། བྷེང་ལོར་ས་གནས་སུད་ཚོང་དང་བྷེང་ལོར་བྷི་རི་གེཌ་རོཌ་ཏུ་རྟེན་གཞི་བྱས་པའི་ཚོང་ལས་སྡེ་མཚན་(Tibetan Traders Guild) བཅས་ཀྱིས་བསངས་གསོལ་དང་ཞལ་ལག་གྲ་སྒྲིག་གནང་སྟེ་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
བྷེང་ལོར་དུ་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༢ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།