༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པར་ཕེབས་པའི་ཚོགས་ཞུགས་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་དོན། འཛམ་གླིང་འདིའི་སྒང་ལ་སྐྱབས་བཅོལ་བ་བྱས་ནས་སྡོད་མཁན་ཧ་ཅང་མང་པོ་ཡོད་པ་ལྟར། ང་ཚོ་བོད་པ་སྐྱབས་བཅོལ་བ་ཆགས་ཡོད་ཀྱང་། སོ་སོའི་ཆོས་དང་རིག་གཞུང་དེ་མུ་མཐུད་ནས་འཛིན་མཁན་ཞིག་དང་། ཆོས་དང་རིག་གཞུང་དེས་སེམས་ཅན་ཐམས་ཅད་ཟེར་བ་མ་གཏོགས་རང་ཉིད་སྐྱིད་པོ་ཡོང་བ་ཞིག་དང་། རང་བདེ་པོ་ཡོང་བར་ཤོག་ཅེས་ཟེར་གྱི་མེད།
ནམ་རྒྱུན་ང་ཚོའི་ཁ་རྒྱུན་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅི་ཅེས་ཚང་མས་སེམས་ཅན་ཐམས་ཅད་ཅེས་བློ་སྦྱོང་བ་དེ་ཧ་ཅང་ཡག་པོ་འདུག ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་ཆོས་ཀྱི་སྐད་ཆ་མེད་པར་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པ་ཞིག་དང་། སྡུག་བསྔལ་མི་ཡོང་བར་སྨོན་ལམ་བརྒྱབ་པ་འདི་ཧ་ཅང་ཡག་པོ་འདུག བོད་པ་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་དེ་གཙོ་བོ་བོད་སྤྱི་ཡོངས་ཀྱི་རིག་གཞུང་དང་གོམས་གཤིས་ཧ་ཅང་ཡག་པོ་ཞིག་ཡོད་པ་དེས་ཡིན་པ་དང་། མིག་ལྟོས་དེ་སྤྱི་ཚོགས་ནང་གི་མི་ཚང་མར་འཛུམ་ཤིག་ཤིག་སྡོད་པ་འདི་ཧ་ཅང་ཡག་པོ་འདུག
ངས་ད་དུང་འགོ་ཁྲིད་ཀྱི་ཡོད་པ་དང་། ངས་རྨི་ལམ་ལ་བརྟག་དཔྱད་བྱས་པར་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཐུབ་པའི་བཟོ་འདུག་པས། ངོས་རང་ད་དུང་ལོ་བཅུ་ཕྲག་གཅིག་གཉིས་ཤིག་སྡོད་ཐུབ་རྒྱུ་རེད། དེར་བརྟེན་ངོས་ཀྱིས་འགོ་ཁྲིད་པའི་མི་མང་ཚང་མ་སེམས་ལྷོད་ལྷོད་དང་། ཞི་བདེའི་སེམས་ཤིག་ལྡན་པའི་ཐོག་ནས་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་གི་ཡོད་པ་ནང་བཞིན་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ལ་ཕན་ཐོགས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག
བོད་པ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་ལྟར་མི་མང་ཆེ་བས་གཞན་ལ་ཕན་ཐོགས་བྱེད་པར་བསམ་བློ་བཏང་སྡོད་པར་མ་ཟད། བཟང་ངན་ཅི་ཞིག་བྱུང་ཡང་འཛུམ་ཤིག་ཤིག་སྡོད་པའི་གོམས་གཤིས་ཡོད་པ་འདིས་མུ་མཐུད་ནས་འཛམ་གླིང་འདིའི་སྒང་ལ་མིག་དཔེ་སྟོན་ཐུབ་པ་ཞིག་བྱེད་དགོས། ད་ལྟའི་བར་དུ་མི་མང་པོས་བོད་པ་ལ་དགའ་པོ་བྱེད་པ་དེ་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་ནས་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད་སྟབས། ད་དུང་ཡང་མུ་མཐུད་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཉམས་ལེན་བྱས་སྡོད་པར། བོད་ནང་ལ་བཙན་གནོན་བྱེད་མཁན་གྱི་རྒྱ་མི་དེ་དག་ལ་ཡང་རྒྱུ་མཚན་ཤོད་རྒྱུ་མེད། གང་ལྟར་ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་ཐོག་ནས་བོད་བཙན་དབང་བྱས་ཏེ་བཟུང་སྡོད་པ་མ་གཏོགས་ཡ་རབས་སྤྱོད་བཟང་གིས་མ་འདང་བའི་ཐོག་ནས་ལབ་རྒྱུ་གླེང་རྒྱུ་ཅི་ཡང་མི་འདུག་པར་བརྟེན། ང་ཚོས་ཡ་རབས་སྤྱོད་བཟང་གི་ཐོག་ནས་ཚང་མ་ལ་ཕན་ཐོགས་ཡོང་བ་ཞིག་གི་བསམ་བློ་གཏོང་གི་ཡོད་པར་བརྟེན་ འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་ནས་རང་བཞིན་གྱིས་བོད་པ་ལ་དགའ་པོ་བྱེད་ཀྱི་འདུག
དེང་སང་འཛམ་གླིང་འདིའི་སྒང་ལ་ཏཱ་ལའི་བླ་མ་ཞེས་པའི་མིང་ཞིག་འཁྱེར་ནས་འཛམ་གླིང་འདིར་ཆོས་ཡོད་པ་དང་མེད་པ། ལྷག་པར་སེམས་ཁམས་རིག་པ་སྨྲ་བ་སོགས་ཚན་རིག་པ་མང་པོས་ངས་སེམས་ཁམས་རིག་པའི་ཐོག་ནས་སེམས་བཟང་པོ་བྱེད་པ་དང་། སུ་ལ་ཐུག་ཀྱང་འཛུམ་ཤིག་ཤིག་སྡོད་པ་འདིར་མི་མང་པོས་དགའ་པོ་བྱེད་ཀྱི་འདུག་ལ། ཚན་རིག་པ་ཚོས་ཀྱང་དགའ་པོ་བྱེད་ཀྱི་འདུག
ལྷོད་ལྷོད་བྱས་ཏེ་སྐད་ཆ་བཤད་དགོས་བྱུང་ན་བོད་པའི་ནང་ཆོས་ནཱ་ལེཎྜའི་ཆོས་བརྒྱུད་ཡིན་པས་རྒྱུ་མཚན་མང་པོའི་ཐོག་ནས་ཧ་ཅང་གཏིང་ཟབ་པོ་བཤད་རྒྱུ་ཡོད། དེར་བརྟེན་ང་ཚོས་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཀྱི་ཞི་བདེ་བྱེད་པ། བྱམས་བརྩེ་གོམས་པ་སོགས་ལ་རྒྱུ་མཚན་མང་པོའི་ཐོག་ནས་བཤད་རྒྱུ་ཡོད་པར་མི་མང་པོས་དགའ་པོ་བྱེད་ཀྱི་འདུག
ངས་བོད་ཀྱི་རིག་གཞུང་གི་ཚབ་བྱེད་ཀྱི་ཡོད་ལ། ང་རང་གི་ངོས་ནས་བོད་ཀྱི་རིག་གཞུང་ཉམས་ལེན་ཡང་བྱེད་ཀྱི་ཡོད། དེ་བྱས་པའི་འབྲས་བུར་ང་རང་གི་སེམས་ལྷོད་ལྷོད་དང་། གཉིད་ཀྱང་ཧ་ཅང་སྐྱིད་པོ་ཁུག་གི་འདུག་ལ་སེམས་ནང་ལ་དངངས་སྐྲག་དེ་འདྲ་ཁྱོན་ནས་མེད་པར་ལྷོད་ལྷོད་བྱས་ནས་སྡོད་ཀྱི་ཡོད། དེ་ནི་ང་ཚོ་བོད་ཀྱི་རིག་གཞུང་ཡིན། རྒྱ་མིའི་དཔོན་པོ་དེ་དག་ལ་ངོས་ཀྱི་སེམས་ཀྱི་ཞི་བདེ་ནང་བཞིན་ཞིག་ཕལ་ཆེར་ཡོད་ཁག་པོ་རེད། བོད་པའི་ཆོས་དང་རིག་གཞུང་གི་ཐོག་ནས་མི་ལྷོད་ལྷོད་ཅིག་ཆགས་ཐུབ་ཀྱི་འདུག་པ་དེ་བོད་པའི་རིག་གཞུང་དང་གོམས་གཤིས་ཆགས་ཡོད།
སྐྱེ་བ་སྔ་ཕྱི་སོགས་གཏིང་རིང་པོའི་སྐད་ཆ་བཤད་མི་དགོས་པར་འཕྲལ་དུ་ཉིན་རེ་བཞིན་དུ་སེམས་ལྷོད་ལྷོད་བྱས་ཏེ་སེམས་ལ་ཞི་བདེ་ཡོང་བ་ཞིག་བྱེད་རྒྱུ་དེ་ཁྱོད་ཚོ་ཚང་མས་སེམས་ལ་བཞག་ནས། ལྷོད་ལྷོད་བྱས་ཏེ་སྡོད་ཨང་།
ཁྱོད་ཚོ་བཟའ་ཚང་ནང་ཚགས་ཏོག་ཙམ་ཏོག་ཙམ་འཁྲུགས་པ་སོགས་བྱུང་ཚེ། ཏཱ་ལའི་བླ་མའི་གདོང་དྲན་པར་བྱོས་དང་། སེམས་ལྷོད་ལྷོད་ཆགས་ཡོང་གི་རེད། ཆོས་ནི་སོ་སོ་སྒེར་གྱི་འདོད་མོས་ཡིན། ཆོས་བྱེད་ན་ཡང་རེད་མི་བྱེད་ན་ཡང་རེད། གང་ལྟར་མི་ལུས་ཤིག་ཐོབ་ནས་ཡོད་པས་སེམས་ལྷོད་ལྷོད་བྱས་ནས་སེམས་ཀྱི་ཞི་བདེ་དེ་ཧ་ཅང་གལ་ཆེན་པོ་འདུག བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གཙང་མ་ཞིག་དགོས་ཀྱི་འདུག་ཅེས་ངས་བཤད་ཀྱི་ཡོད། དེ་འདྲ་བྱུང་ན་ག་ལེར་རྒྱ་རིགས་མང་པོ་ཞིག་ལ་ཡང་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་ཐུབ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་ལ་བསྡད་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་བོད་པ་རང་གིས་བདག་པོ་བརྒྱབ་ནས་ཡག་པོ་འཛིན་ཐུབ་པ་ཞིག་བྱུང་ན། དེའི་ཤུགས་ཀྱིས་རྒྱ་ནག་མི་མང་ལ་ཡང་ཤུགས་རྐྱེན་ཐེབས་ཐུབ་པས། ང་ཚོས་བསམ་བློ་གུ་དོག་པོ་མི་བྱེད་པར་བསམ་བློ་གུ་ཡངས་པོ་ཞིག་བཏང་སྟེ། ཕུགས་རྒྱང་རིང་པོའི་ཐོག་ནས་བསམ་བློ་བཏང་ན། བོད་ལ་དངོས་གནས་སྙིང་སྟོབས་ཡོད་པ། སེམས་ཤུགས་ཡོད་པས། ཚང་མས་སེམས་བདེ་པོ་བྱས་ཏེ་ཧུར་ཐག་གྱིས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། །