༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༢༠ ཉིན་བྷེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊེ་ཝིཊ་ལེ་གྷ་ (David Lega) ལགས་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གྲོས་ཚོགས་འཐུས་མི་ཊེ་ཝིཊ་ལགས་ནས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཡང་སྒོས་རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་འཇུག་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བྱུས་བྱེད་བཞིན་པའི་སྐོར། དེ་བཞིན་ཉེ་ལམ་ཕྱི་ཟླ་ ༠༩ ནས་རྒྱ་ནག་གཞུང་གིས་བཀའ་རྒྱ་ཨང་ ༡༩ ཞེས་ཡོངས་ཁྱབ་བྱས་ཏེ་བོད་ནང་ཆོས་དད་རང་དབང་ལ་དམ་བསྒྲགས་ཆེ་རུ་བཏང་བའི་སྐོར་སྙན་སེང་ཞུས།
གྲོས་ཚོགས་འཐུས་མི་ཊེ་ཝིཊ་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་བཅས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ནན་བརྗོད་གནང་སྟེ་ཕྱོགས་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་བྱུང་ཡོད།
ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཊེ་ཝིཊ་ལེ་གྷ་ལགས་ནི་ཡུ་རོབ་མི་མང་གི་སྲིད་དོན་ཚོགས་པའི་ཁོངས་གཏོགས་སྭ་ཊན་གྱི་གྲོས་ཚོགས་འཐུས་མི་ཡིན་ཞིང་། ཁོང་ཉིད་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་ཅིག་གི་ཚོགས་མི་ཡིན་པ་མ་ཟད། (IPAC) ཚོགས་པའི་ཚོགས་མི་དང་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ཞིག་ཡིན་པ་བཅས།།