༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༡༣ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་། ཇིན་ཊལ་རྒྱལ་སྤྱིའི་གནད་དོན་སྐོར་གྱི་སློབ་གྲྭའི་ཨེ་ཤི་ཡའི་ནུབ་བྱང་ས་ཁུལ་རིག་པའི་བསྟི་གནས་ཁང་། (Centre for Northeast Asian Studies) ཨོ་པི་ཇིན་ཊལ་གཙུག་ལག་སློབ་གཉེར་ཁང་མཉམ་སྦྲེལ་ཐོག་ཨོ་པི་ཇིན་ཊལ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་གནད་དོན་རྟོག་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་གཅིག་གི་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་རེད།
ཚོགས་འདུའི་ཐོག་ཇ་བཱ་ཧར་ལཱལ་ནེ་ཧ་རུ་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ཟུར་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ཨ་ནནྡ་ཀུ་མཱར་ལགས་དང་། བོད་རིག་པའི་མཁས་པ་ཆེན་པོ་ཀ་ལོ་ཊི་ཨར་པེ་ (Claude Arpi) ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས། བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་མཉམ་ཞུགས་གནང་ཡོད།སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་རིག་འཛིན་ལགས་ནས་གསུང་བཤད་པ་རྣམ་པ་ངོ་སྤྲོད་དང་འབྲེལ། བོད་ཀྱི་གལ་གནད་སྐོར་གོ་རྟོགས་སྤེལ་རྒྱུ་གནད་འགག་ཆེན་པོ་ཡིན་སྐོར་ནན་བརྗོད་གནང་རྗེས་ཚོགས་ཐུན་དང་པོའི་ནང་འབུམ་རམས་པ་ཨ་ནནྡ་ཀུ་མཱར་ལགས་དང་། ཀ་ལོ་ཊི་ཨར་པི་ལགས། བསྟན་འཛིན་བརྩོན་འགྲུས་ལགས་ནས་བོད་དང་རྒྱ་གར་གྱི་འབྲེལ་བའི་སྐོར་གསུང་བཤད་གནང་ཞིང་། འབུམ་རམས་པ་ཨ་ནནྡ་ཀུ་མཱར་ལགས་ནས་རྒྱ་གར་མང་ཚོགས་ཁྲོད་བོད་དོན་སྐོར་གོ་རྟོགས་ཞན་པོ་ཡོད་སྐོར་དང་། རྒྱ་གར་ངོས་ནས་བོད་དོན་གླེང་སློང་གནང་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད་ཅེས་གསུངས།
དེ་རྗེས་ཀ་ལོ་ཊི་ཨར་པི་ལགས་དང་བསྟན་འཛིན་བརྩོན་འགྲུས་ལགས་ནས་ལོ་རྒྱུས་ཐོག་ནས་བོད་དང་རྒྱ་གར་བར་གྱི་འབྲེལ་བ་དང་། བོད་དང་རིག་གཞུང་གཅིག་པའི་ཧི་མཱ་ལ་ཡའི་མི་རིགས་དང་འབྲེལ་ཏེ་བོད་དང་རྒྱ་གར་བར་གྱི་འབྲེལ་བའི་གལ་གནད་སྐོར་གསུང་བཤད་གནང་ཡོད། ཚོགས་ཐུན་གཉིས་པའི་ཐོག་བློ་བཟང་དབྱངས་མཚོ་ལགས་དང་དོན་གྲུབ་དབང་མོ་ལགས་གཉིས་ནས་བོད་ཀྱི་ཁོར་ཡུག་དང་སྣོད་བཅུད་རྟེན་འབྲེལ་དང་འབྲེལ་ཏེ། བོད་ནས་ཐོན་པའི་གཙང་ཆུ་ཆེ་ཁག་ངོ་སྤྲོད་དང་། རྒྱ་ནག་གཞུང་གིས་གཙང་ཆུ་དེ་དག་གི་བཞུར་འགྲོས་ལ་འགྱུར་བ་བཏང་བར་བརྟེན་གཤམ་འོག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དོ་ཕོག་ཇི་ཙམ་འགྲོ་གི་ཡོད་སྐོར་གསལ་བཤད་གནང་བ་མ་ཟད། བོད་ནང་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་སོགས་ཁོར་ཡུག་གཏོར་སྐྱོན་ཚབས་ཆེ་བཏང་རྐྱེན་འཁྱགས་རོམ་ཞུ་བ་དང་། ཆུ་ལོག་སོགས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་མང་དག་འཕྲད་བཞིན་པའི་སྐོར་གསལ་སྟོན་གནང་ཡོད།
ཚོགས་འདུའི་ཟུར་དུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་བོད་དང་རྒྱ་གར་གྱི་འབྲེལ་བའི་སྐོར་དཔར་རིས་འགྲེམས་སྟོན་གནང་ཡོད་པ་བཅས།།