༢༠༡༡ ཟླ་ ༡༢ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཤེས་ཡོན་བསྟི་གནས་ཁང་ཤིག་ཤ་ཀེན་ཌི་ར་(Shiksha Kendra)ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་ཁྱིམ་ཚང་ཉམ་ཐག་གི་བྱིས་པ་ཚོར་བཀའ་སློབ་སྩལ་དོན། ངོས་རང་འདིར་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང། འདིར་ཡོད་པའི་སློབ་ཕྲུག་རྣམས་ཁྱིམ་ཚང་ཉམ་ཐག་ནས་ཡིན་པ་ངོས་ལ་བརྗོད་བྱུང། ཁྱེད་ཚོས་སློབ་ཕྲུག་ཚོར་དམིགས་བསལ་བལྟ་སྐྱོང་གནང་བ་དེ་ནི་བསྔགས་བརྗོད་འོས་པ་ཞིག་རེད། དེ་ནི་བྱམས་བརྩེའི་ལས་ཙམ་མིན་པར་རྒྱལ་ཁབ་ཀྱི་གནས་སྟངས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུའི་ལས་གཞི་ཞིག་ཆགས་ཡོད། རྒྱལ་སྤྱིའི་གནས་བབ་ཐོག་ནས་དབུལ་ཕྱུག་དབར་གྱི་ཧེ་བག་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་དེ་ཛ་དྲག་གི་གནད་དོན་ཞིག་ཆགས་ཡོད། ཉེ་ལམ་ངོས་རང་མེཀ་སི་ཀོ་དང་བྷར་སིལ། ཨར་ཇེན་ཊི་ན་སོགས་ལ་བསྐྱོད་སྐབས་རྒྱལ་ཁབ་དེ་དག་གི་ནང་དུ་དབུལ་ཕྱུག་དབར་གྱི་ཧེ་བག་ཆེ་ཆུང་དང་ལྐོག་ཟ་རུལ་སྲུངས་ཀྱི་དཀའ་ངལ་ཆེ་ཆུང་ཇི་འདྲ་ཡོད་མེད་དྲིས་པར་མང་ཚོགས་རྣམས་ཀྱིས་ཧ་ཅང་ཆེན་པོ་ཡོད་པ་བརྗོད་བྱུང།
རྒྱ་གར་ནང་དུའང་དབུལ་ཕྱུག་གི་ཧེ་བག་དང་ལྐོག་ཟ་རུལ་སྲུངས་ཀྱི་དཀའ་ངལ་གཉིས་པོ་དེ་ཡོད། དབུལ་ཕྱུག་དབར་གྱི་ཧེ་བག་ཉུང་དུ་གཏོང་རྒྱུར་ཤེས་ཡོན་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཁྱིམ་ཚང་ཉམ་ཐག་ནས་ཡོང་བའི་སློབ་ཕྲུག་ཚོས་ཤེས་ཡོན་གྱི་ཐོག་ནས་རང་ཉིད་ལ་གདེང་སྤོབས་བསྐྲུན་ཐུབ། སེམས་ཤུགས་བསྐྱེད་དེ་འབད་བརྩོན་བྱས་ཚེ་ལས་དོན་ཇི་འདྲ་ཞིག་ཡིན་ཡང་ལམ་ལྷོང་ཡོང་རྒྱུ་ཡིན་པར་བརྟེན། དབུལ་ཕྱུག་དབར་གྱི་ཧེ་བག་དེ་རིམ་བཞིན་ཇེ་ཉུང་དུ་འགྲོ་ངེས་རེད། ངོས་རང་སྐབས་གཅིག་ལྷོ་ཨ་ཕི་རི་ཀའི་ནང་ཡོད་སྐབས་བྱང་ངོས་སུ་ཡོད་པའི་མི་མང་རྣམས་ཤིན་ཏུ་འབྱོར་བ་ཆེན་པོ་དང་ལྷོ་ཨ་ཕི་རི་ཀའི་ལྷོ་ངོས་སུ་ཡོད་པ་རྣམས་ཧ་ཅང་དབུལ་པོ་ཡིན་པར་བརྟེན་རྒྱལ་ཁབ་གཅིག་གི་ནང་དུའང་དབུལ་ཕྱུག་དབར་གྱི་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་མཐོང་བྱུང། དབུལ་ཕྱུག་དབར་གྱི་ཧེ་བག་ཇེ་ཉུང་དུ་གཏོང་ཆེད་འབྱོར་བ་ཡོད་མཁན་ཚོས་འབྱོར་མེད་ཚོར་ཤེས་ཡོན་དང་དགོས་མཁོ་ཡོ་བྱད། ཟབ་སྦྱོང་སོགས་ཀྱི་མཐུན་རྐྱེན་སྦྱོར་དགོས། ཉམ་ཐག་ཚོས་སེམས་ཤུག་བསྐྱེད་དེ་དཀའ་ལས་རྒྱག་དགོས།
རྒྱ་གར་ནང་དུའང་སྤྱི་འདྲ་སྤྱི་མཚུངས་ཀྱི་ཐོག་ནས་འབྱོར་ལྡན་རྣམས་ཀྱིས་ཉམ་ཐག་ཚོར་རོགས་རམ་བྱེད་རྒྱུ་དང་ཉམ་ཐག་ཚོས་སེམས་ཤུགས་བསྐྱེད་དེ་དཀའ་ལས་རྒྱག་དགོས། དེར་བརྟེན་འདིར་ཁྱེད་རྣམ་པས་དམིགས་བསལ་འབད་བརྩོན་གནང་སྟེ་ཁྱིམ་ཚང་ཉམ་ཐག་གི་བྱིས་པ་ཚོར་བྱམས་བརྩེའི་ཐོག་ནས་བལྟ་སྐྱོང་གནང་བ་དེ་ནི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པར་བརྟེན་ངོས་ཀྱིས་རྗེས་སུ་ཡི་རང་ཞུ་རྒྱུ་དང་སྦྲགས། རྒྱ་གར་གྱི་སྒོར་མོ་འབུམ་ལྔ་ཞལ་འདེབས་རྒྱག་རྒྱུ་ཡིན། ཁྱེད་རྣམས་ནས་ཀྱང་ལས་ཀ་དེ་ད་དུང་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་མ་ཟད། བྱུང་ན་སློབ་མའི་གྲངས་ད་དུང་མང་དུ་གཏོང་ཐུབ་ན་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ངོས་ལ་དེང་སྐབས་དེབ་ཀྱི་ཡོང་འབབ་ཕྲན་བུ་ཡོད་པ་ནས་བསྟི་གནས་ཁང་འདིར་གང་ཐུབ་ཀྱི་ཞལ་འདེབས་རྒྱག་རྒྱུ་ཡིན། ཁྱེད་ཚོས་ལས་གཞི་དེར་རྒྱབ་སྐྱོར་ཞུ་རྒྱུ་དེ་ང་ཚོ་ཚང་མའི་འགན་ཆགས་ཡོད། སློབ་མ་ཚོས་འདིར་འཕགས་ལམ་ཡན་ལགས་བརྒྱད་ལ་གཞི་ཅོལ་བའི་འཁྲབ་སྟོན་དེ་དག་གོ་དོན་ཆེན་པོ་འདུག
འཕགས་ལམ་ཡན་ལགས་བརྒྱད་ནས་ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ་སོགས་ནང་པ་ཁོ་ནས་ཉམ་ལེན་བྱེད་རྒྱུ་ཞིག་མིན་པར་མི་མང་ཚང་མར་འབྲེལ་བ་ཡོད། མི་སུ་ཞིག་ནས་ཀྱང་གལ་ཏེ་འཕགས་ལམ་ཡན་ལགས་བརྒྱད་ཀྱི་ལྟ་གྲུབ་དེ་དག་ངོ་ཐོག་ལག་ལེན་བསྐྱལ་ཐུབ་ཚེ་རང་ཉིད་ཀྱི་སེམས་ནང་ཞི་བདེ་བག་ཕེབས་བྱུང་སྟེ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་ཐུབ། དེ་ལས་ལྡོག་སྟེ་འདོད་ཆགས་དང་འདོད་རྔམ་གྱི་རྗེས་སུ་འབྲང་ན་རེ་དོགས་ཀྱིས་བཅིངས་པའི་འགྲན་རྩོད་ནང་ལྷུང་སྟེ་མཐར་རང་ཉིད་གཅིག་པུ་གྲོགས་མེད་ཁེར་རྐྱང་དུ་ལུས་ནས་སེམས་ནང་དཀའ་ངལ་ཡོང་རྒྱུ་རེད། གལ་ཏེ་བྱམས་བརྩེའི་བསམ་པས་ཀུན་ནས་བླང་སྟེ་ཡང་དག་པའི་འཚོ་བ་ཞིག་བསྐྱལ་ཐུབ་ན་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ། རྒྱལ་མཚམས་དང་ཆོས་ལུགས་མི་འདྲ་བའི་དབྱེ་མཚམས་དེ་དག་རིམ་པ་གཉིས་པ་ཆགས་ཡོད། གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། ངོས་ཀྱིས་རྒྱུན་དུ་མང་ཚོགས་ལ་སྐད་ཆ་ཤོད་སྐབས་ང་ཚོ་ཚང་མ་གཞི་རྩའི་འགྲོ་བ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་ལ་གཞི་བཅོལ་ནས་སྐད་ཆ་ཤོད་ཀྱི་ཡོད། དེ་འདྲ་མིན་པར་གལ་ཏེ་ངོས་ཀྱིས་འདིར་ངོས་རང་ནང་པ་ཞིག་དང་བོད་པ་ཞིག་ཡིན་པ་གཙོ་བཟུང་ཐོག་ནས་སྐད་ཆ་བཤད་ན་རང་བཞིན་གྱིས་ངོས་དང་ཁྱེད་ཚོའི་དབར་བར་ཁྱད་ཅིག་ཆགས་ངེས་ཡིན། དེར་བརྟེན་ངོས་རང་ས་གནས་གང་དུ་བསྐྱོད་ནའང་ཁྱེད་ཚོ་དང་གཅིག་མཚུངས་ཀྱི་འགྲོ་བ་མི་ཞིག་ཡིན་བསམ་པའི་འདུ་ཤེས་འཛིན་ཏེ་སྐད་ཆ་ཤོད་ཀྱི་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས།
མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་རིང་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་མཛད་ཁུར་གཙོ་བོ་གཉིས་ཀྱི་སྐོར་ཞིབ་ཕྲ་བཀའ་སློབ་སྩལ། སྐབས་དེར་༸གོང་ས་མཆོག་གིས་དཔལ་འབྱོར་དང་དངུལ་རྐྱང་པས་སེམས་ནང་དོན་དམ་གྱི་བདེ་བ་ཞིག་བསྐྲུན་མི་ཐུབ་པ་དང་། དེ་བཞིན་དབྱིན་ཇིས་གཏན་ལ་ཕབ་པའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དེ་གཙོ་བོ་དཔལ་འབྱོར་དང་ཕྱི་དངོས་པོའི་འཛུགས་སྐྲུན་ལ་གཞི་བཅོལ་བ་ཞིག་ཡིན་པར་བརྟེན། རྒྱ་གར་ནང་ལོ་ངོ་སྟོང་ནས་དར་བའི་སྲོལ་རྒྱུན་གྱི་ལེགས་བཤད་དཔེར་ན། ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་དེ་དག་ལ་དོ་སྣང་བྱས་ཏེ་གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་མཚུངས་བསྡུར་ཐོག་ནས་ཕྱི་དངོས་པོ་དང་ནང་སེམས་ཀྱི་བདེ་སྐྱིད་ཟུང་འབྲེལ་ཞིག་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་བཀའ་སློབ་སྩལ། ལྷག་པར་༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་དམིགས་ཏེ་བཀའ་སློབ་སྩལ་དོན། ཁྱེད་ཚོ་ནི་དུས་རབས་ ༢༡ མི་ཆགས་ཡོད། དུས་རབས་ ༢༡ ནང་ནས་ལོ་བཅུ་འདས་ཟིན་ཡང་འབྱུང་འགྱུར་ལོ་མང་པོ་ལུས་ཡོད། ཁྱེད་ཚོས་དུས་རབས་ ༢༡ པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་ཐུབ། སེམས་ནང་བྱམས་བརྩེའི་བསམ་པ་ཡོད་ན་ཞི་བདེ་རང་བཞིན་གྱིས་ཡོང་ཐུབ། དེ་ལས་ལྡོག་སྟེ་ཞེ་སྡང་དང་འཁོན་འཛིན། ཁྲག་དོགས་སོགས་ཀྱིས་རྒྱུད་རླན་ཚེ་སེམས་ནང་དུ་ཞི་བདེ་ཡོང་མི་ཐུབ། དེར་བརྟེན་གཞི་རྩའི་འགྲོ་བ་མིའི་རྒྱུད་ཀྱི་རིན་ཐང་བྱམས་པ་དང་བརྩེ་བ། རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློ་དེ་དག་ལ་བློ་སྦྱང་སྟེ་རང་རྒྱུད་ལ་གོང་འཕེལ་ཡོང་ཐབས་བྱེད་དགོས། དེ་འདྲ་བྱུང་ཚེ་ཞི་བདེ་ལྡན་པའི་འཛམ་གླིང་གསར་པ་ཞིག་ཁྱེད་ཚོས་སྐྲུན་ཐུབ། འཛམ་གླིང་འདིའི་ནང་ལས་དོན་གང་དང་གང་བྱས་ཀྱང་ཤེས་ཡོན་ཐོག་འབད་བརྩོན་བྱེད་རྒྱུ་ཙམ་མ་ཟད་འཆར་སྣང་ཞིག་ངེས་པར་དུ་དགོས། འཆར་སྣང་དེ་བསྒྲུབ་པར་རྣམ་དཔྱོད་ཀྱི་ཤེས་རབ་དང་ཉམས་མྱོང་གཉིས་ཚང་དགོས། རྣམ་དཔྱོད་ཀྱི་ཤེས་རབ་བརྗོད་སྐབས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་དངོས་ཡོད་ཀྱི་གནས་སྟངས་ལ༌ལྟ་ཐུབ་པ་བྱ་རྒྱུ་དང། ཉམས་མྱོང་གསོག་པར་རྩོལ་བ་དགོས། རྩོལ་བ་དེ་ཆོད་སེམས་བརྟན་པོས་ཐོག་ནས་བྱམས་བརྩེའི་བསམ་པ་དང་རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློར་གཞི་བཅོལ་དགོས། དེ་ལྟར་བྱུང་ཚེ་ཕྱི་གསལ་ནང་གསལ་ཐོག་ནས་ལས་དོན་གང་ལའང་འཇུག་ཐུབ་པའི་ཆོད་སེམས་དང་བློ་སྤོབས་སྐྲུན་ཐུབ། རྣམ་དཔྱོད་ཀྱི་ཤེས་རབ་དང་ཆོད་སེམས་ཟུང་འབྲེལ་བྱུང་ཚེ་འཆར་སྣང་ཇི་འདྲ་ཞིག་ཡིན་ནའང་བསྒྲུབ་ཐུབ། བོད་པའི་ཁ་རྒྱུན་ལ་ལན་དགུ་ཆད་མཐུད། ཅེས་བརྗོད་སྲོལ་ཡོད། ད་ལྟའི་ཆར་ཁྱེད་རྣམས་འདི་སློབ་གཉེར་བྱེད་བཞིན་པའི་སྐབས་ཡིན། ཕྱིས་སུ་སློབ་སྦྱོང་ཐོན་རྗེས་སྤྱི་ཚོགས་ནང་དངོས་སུ་ལས་དོན་ལ་འཇུག་པར་ལས་སླ་པོ་ཞིག་མེད། དཀའ་ངལ་མང་པོར་གདོང་ལེན་བྱེད་དགོས་པ་དེ་འདྲ་ཡོང་རྒྱུ་རེད། དཀའ་ངལ་འཕྲད་པ་ཙམ་གྱིས་སེམས་ཤུགས་ཆག་རྒྱུ་མེད་ཅེས་སོགས་ཀྱི་བཀའ་སློབ་སྩལ།