༢༠༡༡ ཟླ་ ༡༢ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཡུ་རོབ་ཀྱི་རྒྱལ་ས་བྷར་སིལ་དུ་ཉིན་གསུམ་རིང་གི་ལས་རིམ་ཐོག་མར་བྷེ་ནེ་ལཀ་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Benelux Tibet Support Group)དང་བྷེལ་ཇམ་དུ་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོགས་ཀྱི་སྐུ་ཚབ་རྣམས་མཇལ་འཕྲད་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་བཀའ་ཁྲི་མཆོག་བྷར་སིལ་དུ་ཕེབས་འབྱོར་མཚམས་༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་དང། བྷར་སིལ་སྐུ་ཚབ་དོན་ཁང་གི་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས། ས་གནས་བོད་རིགས་ཚོགས་པ་དང་གཞོན་ནུ་ཚོགས་པ། དེ་བཞིན་ཆུ་བཞི་སྒང་དྲུག བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཉིན་དེའི་ཕྱེད་ཡོལ་བཀའ་ཁྲི་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བྷེ་ནེ་ལཀ་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བྷེལ་ཇམ་ནང་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོགས་ཀྱི་སྐུ་ཚབ་རྣམས་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་བཀའ་ཁྲི་མཆོག་གིས་ཁོང་རྣམ་པས་ད་བར་བོད་དོན་ཐོག་ཆོད་སེམས་བརྟན་པོས་མུ་མཐུད་རྒྱབ་སྐྱོར་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཐོག་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གལ་གནད་ཆེ་ཁག་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཉེ་ཆར་བོད་ནང་ཛ་དྲག་གི་གནས་སྟངས་དང་འདི་ལོའི་ཕྱི་ཟླ་ ༣ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་པར་བརྟེན། ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྣམ་པར་འཕོ་འགྱུར་བྱུང་བ་དེ་ལྟར་ནའང་ཚོགས་པས་བོད་མི་ཚོར་རྒྱབ་སྐྱོར་མུ་མཐུད་གནང་བ་དེ་ནི་དེ་བས་ཡི་རང་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་སྐོར་གསལ་བཤད་གནང་ཡོད། དེ་བཞིན་སྐབས་དེར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕ་རན་སིའི་སྐད་ཐོག་རྒྱབ་སྐྱོར་ཚོགས་པས་གདམ་ཁ་གཞན་ལས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་བདམས་ཁ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཚོགས་པས་ཆིག་སྒྲིལ་དང་མཐུན་སྒྲིལ་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུ་གལ་ཆེ་ཡིན་པ་མ་ཟད། ས་གནས་བོད་རིགས་ཚོགས་པ་དང་མཉམ་རུབ་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་དྲན་སྐུལ་གནང་ཡོད། ཉིན་དེའི་ཕྱི་དྲོར་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་གཙོས་བྷེལ་ཇམ་བོད་རིགས་ཚོགས་པ་དང་ཧོ་ལན་ཌིའི་བོད་རིགས་ཚོགས་པའི་ཚོགས་མི་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་ཨན་ཊི་ཝར་པན་(Antwerpen)གྱི་རེ་ཌི་སན་མགྲོན་ཁང་དུ་མཉམ་འཛོམས་ཀྱིས་ཐོག་མར་ཉེ་ཆར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཉེ་ལམ་འཕོ་འགྱུར་ཇི་བྱུང་དང། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་མཛད་པ་དང་དེའི་རྗེས་འབྲས། དེ་བཞིན་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས། ཉེ་ཆར་བོད་ནང་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་བཞིན་བཀའ་ཁྲི་མཆོག་གིས་ཉེ་ཆར་ཨ་རི་དང་ཡུ་རོབ་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་ཛ་དྲག་གི་གནས་སྟངས་ཐོག་བློ་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་དང། ༸གོང་ས་མཆོག་གིས་ཡིད་ཆེས་མཛད་པ་ལྟར་ང་ཚོས་ཀྱང་མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་བཞེད་དགོངས་ཐ་དག་འགྲུབ་ཆེད་དཀའ་ལས་རྒྱག་དགོས་སྐོར་སོགས་དང། ལྷག་པར་བོད་མི་གཞོན་སྐྱེས་ཚོར་གནའ་དེང་གི་ཤེས་ཡོན་གཉིས་ལྡན་ཞིག་དགོས་གལ་ཆེན་པོ་ཡིན་པ་མ་ཟད། བཀའ་ཤག་སྐབས་ ༡༤ པའི་ཤེས་ཡོན་སྲིད་བྱུས་དེ་གཞུང་འབྲེལ་ལས་དོན་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་གྱིས་འབད་བརྩོན་བྱེད་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།