ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༨ རེས་གཟའ་པ་སངས་ཉིན་ཨ་རིའི་གྲོང་ཁྱེར་མི་ཌེ་སོན་ནང་གསར་བཞེངས་བྱས་པའི་རི་དྭགས་ཚལ་བོད་བརྒྱུད་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གྲུབ་པ་དབུ་འབྱེད་བཀའ་དྲིན་ཆེ་བ་བསྐྱངས་གནང་མཛད་ཡོད་པ་རེད།
དེ་ཡང་ཉིན་དེའི་སྔ་དྲོ་རི་དྭགས་ཚལ་ཆོས་ཚོགས་ཀྱི་དབུ་བླ་སེར་བྱེས་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་སྒོ་མཆོར་བར་གདན་འདྲེན་ཞུ་མཚམས་རྣམ་གྲྭ་དགེ་འདུན་པ་ཚོས་མཆོག་གསུམ་ལ་ཤིས་བརྗོད་དང་བཅས་ཞལ་འདོན་དབུ་འཛུགས་ཀྱིིས་གསུང་འདོན་གནང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་གི་འདུ་ཁང་ནང་ཞབས་སོར་འཁོད་མཚམས་གཙུག་ལག་ཁང་གི་རྟེན་གཙོ་ཐུབ་དབང་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་ལ་ཐུགས་ཞིབ་ནན་པོ་མཛད་པ་དང་སྦྲགས་ཐུགས་སྨོན་མཚམས་སྦྱོར་བཀའ་དྲིན་ཆེ་བ་སྩལ་གནང་མཛད་ཡོད་པ་རེད།
དེ་རྗེས་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་རྣམས་དང་། ཆོས་ཚོགས་ཀྱི་སྦྱིན་བདག་བཅས་བསྡོམས་པའི་མི་གྲངས་ལྔ་བརྒྱ་ལྷག་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་དོན། ཆོས་ཚོགས་ཀྱི་དབུ་ལྷ་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ནི་ནང་ཆོས་ཀྱི་སློབ་གཉེར་ལ་ཐར་སོན་པའི་མཁས་པ་ཞིག་ཡིན་པ་དང་། གང་སྦྱངས་པ་རྣམས་ཉམས་ལེན་གནང་མཁན་སྡོམ་བརྩོན་ལྡན་པ་ཞིག་ཡིན་པས་ཁོང་ལ་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན། ཁོང་བོད་ནས་བཙན་བྱོལ་དུ་འབྱོར་རྗེས་ཨ་རིའི་ནང་སོག་པོའི་དགེ་བཤེས་དབང་རྒྱལ་ལགས་ཀྱི་ཕྱག་རོགས་སུ་གཏོང་གནང་མཛད་པ་ནས་བཟུང་ད་བར་ཨ་རིའི་ནང་བོད་བརྒྱུད་ནང་ཆོས་ཆེད་སྤེལ་ཐད་ཞབས་འདེགས་ཆེན་པོ་ཞུས་ཡོད། ཅེས་དང་། མུ་མཐུད་བཀའ་སྩལ་དོན། ཐོག་མར་གཙུག་ལག་ཁང་དེ་འདྲ་ཞིག་གསར་བཞེངས་བྱེད་རྒྱུའི་སླད་ལོ་མང་རིང་འབད་བརྩོན་གནང་བར་བརྟེན་ད་ཆ་གཙུག་ལག་ཁང་དེའི་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་པར་གྲུབ་ཟིན་པའི་གཙུག་ལག་ཁང་གི་ལས་སྣེ་དང་། སྦྱིན་བདག་བཅས་པའི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། སྦྱིན་བདག་ཚོས་དངུལ་གྱི་འགྲོ་གྲོན་གཏོང་ཐུབ་པ་ཙམ་མ་ཡིན་པར་ཆོས་ཚོགས་ཀྱི་ལས་དོན་ལ་ཐུགས་སྣང་བྱེད་དགོས་པ་ཡིན། ཞེས་བཀའ་ཕེབས་ཡོད་པ་རེད། གཙུག་ལག་ཁང་དེ་སློབ་གཉེར་གྱི་བསྟི་གནས་ཁང་ཞིག་ཏུ་འགྱུར་དགོས་པ་དང་། དེ་བཞིན་གཙུག་ལག་ཁང་དེའི་ནང་བཞུགས་པའི་ནང་པའི་བཀའ་དང་བསྟན་བཅོས་མང་པོ་ཞིག་ཡོད་པ་དེ་དག་སློབ་གཉེར་བྱེད་པ་ལས། བཀའ་དང་བསྟན་བཅོས་དེ་དག་སྒྲིག་གཤོམ་གྱི་མཛེས་རྒྱན་དང་། སྨོན་ལམ་རྒྱག་རྒྱུའི་དོན་དུ་བཞག་པ་ཡིན་ན་གཙུག་ལག་ཁང་དེ་གསར་བཞེངས་བྱ་རྒྱུའི་ཐོག་མའི་དམིགས་ཡུལ་དེ་གྲུབ་མེད། བཀའ་འགྱུར་དང་བསྟན་འགྱུར་ནི་ནང་པ་སངས་རྒྱས་པའི་ཆོས་ནང་རང་ཉིད་ཀྱི་བརྒྱུད་ལ་བྱང་ཆུབ་སེམས་རྒྱུད་སྐྱེས་བྱེད་ཀྱི་སློབ་གཉེར་སྤྲོད་མཁན་དེ་རེད། ཅེས་བཀའ་ཕེབས་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནང་པའི་ཆོས་དང་མཚན་ཉིད་པའི་དབར་སེམས་དང་སེམས་ཚོར་ཕན་ཚུན་གྱི་གནས་ཚུལ་བརྗེ་ལེན་གྱི་ལས་འགུལ་ཞིག་འགོ་འཛུགས་བྱས་ཡོད་པ་དེ་ཡིས་ཚན་རིག་པ་མང་པོ་ཞིག་ནང་པའི་ཆོས་ལ་དོ་སྣང་བྱུང་ཡོད་པ་མ་ཟད། ཚན་རིག་པ་དེ་དག་གིས་ཨེ་ཤི་ཡའི་གནའ་བོའི་རིག་གཞུང་སྟེ་ལྷག་པར་ནང་པའི་ཆོས་ལ་དོ་སྣང་ཤུགས་ཆེ་རུ་སོང་ཡོད་པ་དང་། དེའི་ཐོག་སྐད་ཡིག་གི་དཀའ་ངལ་བྱུང་ཡོད་ཀྱང་ད་ཆ་རྒྱ་སྐད་དང་། དབྱིན་སྐད་ནང་སྐད་སྒྱུར་ཚད་ལྡན་མང་པོ་གསོ་སྐྱོང་བྱེད་ཐུབ་པ་བྱུང་ནས་དཀའ་ངལ་དེ་སེལ་ཐུབ་པ་བྱུང་ཡོད། དེ་བཞིན་རི་དྭགས་ནང་པའི་ཆོས་ཚོགས་ཀྱིས་ཀྱང་སྐད་སྒྱུར་གསོ་སྐྱོང་བྱས་ན་དགེ་མཚན་ཡོད། ཅེས་བཀའ་ཕེབས་ཡོད་པ་རེད།
དེ་རྗེས་༸གོང་ས་མཆོག་གིས་གཙུག་ལག་སློབ་གཉེར་ཁང་དེ་བཙུགས་དགོས་པའི་དམིགས་ཡུལ་འགྲེལ་བརྗོད་གནང་དོན། རི་དྭགས་ནང་པའི་ཆོས་ཚོགས་ཀྱི་དབུ་བླ་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ཀྱིས་གཙུག་ལག་ཁང་ཚད་ལྡན་པ་དེ་འདྲ་ཞིག་གསར་བཞེངས་གནང་དོན་ནི། ནང་པའི་ཆོས་ལ་སློབ་གཉེར་བྱ་རྒྱུ་དང་། དེའི་ཁུལ་དུ་གནས་སྡོད་བོད་མི་ཚོར་རང་རེའི་མི་རིགས་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་བྱ་རྒྱུའི་ཆེད་དམིགས་པ་ཞིག་ཡིན། ཞེས་བཀའ་ཕེབས་ཡོད་པ་རེད།
དེ་ནས་ད་ལམ་གཙུག་ལག་ཁང་དེ་བཞེངས་གྲུབ་ནས་དབུ་འབྱེད་མཛད་སྟོན་ལ་ཕེབས་མཁན་དང་། དེར་མཐུན་འགྱུར་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཆེ། ཞེས་བཀའ་སྩལ་ཡོད་པ་རེད།
མཐའ་དོན་ས་ཁུལ་དེར་གནས་སྡོད་བོད་མི་རྣམས་ཀྱིས་བོད་ཀྱི་ཡུལ་སྲོལ་བཞིན་གཞས་སྣ་འཁྲབ་སྟོན་ཞུས་ནས་དེ་ཉིན་གྱི་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་རེད།།