༢༠༡༡ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༦ རེས་གཟའ་སྤེན་པའི་ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ཆར་ལེ་སི་བི་གྷོལ་གནམ་ཐང་དུ་(Charles De Guale) ཕེབས་འབྱོར་སྐབས་རྒྱལ་ས་པེ་རི་སིར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན། དེ་བཞིན་མེ་སོན་ཌུ་ཏི་བྷེ་ཐེ་(Maison du Tibet)ཞེས་པའི་ཚོགས་པའི་དྲུང་ཆེ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་གནམ་ཐང་དུ་ཕ་རན་སིའི་གཞུང་ནས་བཀའ་ཁྲི་མཆོག་ལ་ཕེབས་བསུའི་སྣེ་ལེན་གྱི་དམིགས་བསལ་མཛད་སྒོ་ཞིག་ཀྱང་གོ་སྒྲིག་གནང་ཡོད། དེ་ཡང་བཀའ་ཁྲི་མཆོག་གི་ཉིན་གཅིག་གི་ལས་རིམ་ནང་ཕ་རན་སིའི་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག་དང་ཕ་རན་སིའི་གྲོས་ཚོགས་གོང་འོག་གི་གྲོས་ཚོགས་འཐུས་མི། ས་གནས་བོད་རིགས། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གསར་འགོད་པ་བཅས་དང་མཇལ་འཕྲད་གནང་ཡོད། ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེན་ཕེ་རན་ཀོ་སི་ཧམ་བྷ་ཊི་མཆོག་གིས་བཀའ་ཁྲི་མཆོག་གྲོས་ཚོགས་གོང་མར་གདན་ཞུ་གནང་སྟེ་བོད་ནང་གི་ད་ལྟའི་གནས་སྟངས་དང་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་མིན་གྱི་ལམ་སྟོན་སོགས་ཀྱི་སྐོར་ཆུ་ཚོད་གཅིག་ལྷག་རིང་བགྲོ་གླེང་གནང་ཡོད། སྐབས་དེར་སྐུ་ཞབས་ཇེན་ཕེ་རན་ཀོ་སི་ཧམ་བྷ་ཊི་མཆོག་གིས་གྲོས་ཚོགས་གོང་མའི་འཐུས་མི་འཕོ་འགྱུར་བྱུང་ཚུལ་དང་གང་མྱུར་གྲོས་ཚོགས་གོང་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་བསྒྱུར་བཅོས་གང་བྱུང་མིན་ཐད་བརྡ་ལན་འབུལ་རྒྱུའི་ཁས་ལེན་གནང་ཡོད། གཞན་ཡང་བཀའ་ཁྲི་མཆོག་གིས་ཁོང་ལ་འདི་ལོ་ཕྱི་ཟླ་ ༣ ནང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ལ་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྣམ་པར་འགྱུར་བ་གང་བྱུང་བ་སོགས་ཀྱི་སྐོར་ཞིབ་ཕྲ་གསལ་བཤད་གནང།
དེ་རྗེས་བཀའ་ཁྲི་མཆོག་གིས་ས་གནས་བོད་རིགས་མི་གྲངས་ ༣༥༠ ཙམ་ལ་གསུང་བཤད་གནང་སྐབས་བོད་མི་ཚོས་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་གལ་ཆེ་ཡིན་པ་དང། བཀའ་ཤག་སྐབས་བཅུ་བཞི་པས་བོད་མིའི་ཤེས་ཡོན་དང་ལྷག་པར་རིགས་གཅིག་རྐང་འཛིན་ཐོག་ཤུགས་རྒྱག་རྒྱུའི་ལས་རིམ་སྒྲིག་ཡོད་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་ཞན་ཆ་ཡོད་པར་བརྟེན། ས་གནས་བོད་མི་ཚོས་རང་ནུས་གང་ཐུབ་ཀྱིས་ལས་གཞི་དེར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད། ཚོགས་འདུའི་ཐོག་མར་ཚོགས་བཅར་བ་ཚང་མས་རང་ལུས་མེར་སྲེག་བཏང་བའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་ཞུས་ཡོད།
ཉིན་རྒྱབ་བཀའ་ཁྲི་མཆོག་རྒྱལ་ས་པེ་རི་སིའི་རྫོང་བཅུ་གཅིག་ཅེས་པའི་ས་གནས་དེར་ཕེབས་མཚམས་ཐོག་མར་གསར་འགོད་ལྷན་ཚོགས་ཤིག་ཏུ་ཕེབས་ཏེ་ཕ་རན་སིའི་གསར་
འགོད་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད། དེ་རྗེས་བཀའ་ཁྲི་མ
ཆོག་གིས་ཕ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་མི་འདྲ་བ་ ༢༥ ཙམ་གྱི་ཚོགས་མི་གྲངས་ ༡༠༠ ཙམ་དང་། ཕ་རན་སིའི་ཁུལ་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཀྱི་འཐུས་མི་ཁག་གཅིག དེ་བཞིན་ཕ་རན་སིའི་མཁས་དབང་བཅས་ལྷན་འཛོམས་ཐོག་གསུང་བཤད་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་ད་བར་བོད་མི་དང་བོད་དོན་ཆེད་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་དང་འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད། ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་རང་དབང་དང་དྲང་བདེན། འདྲ་མཉམ་སོགས་ཀྱི་ལྟ་གྲུབ་དེ་དག་ཐོག་མར་ཕ་རན་སིའི་གསར་བརྗེ་ཆེན་མོའི་སྐབས་བྱུང་བ་ཞིག་ཡིན་པར་བརྟེན། ད་ཆ་ཕ་རན་སིའི་གཞུང་མང་གཉིས་ཀྱིས་བོད་མི་ཚོར་ཧ་ཅང་དཀའ་ངལ་འཕྲད་བཞིན་པའི་གནས་སྐབས་འདིར་རྒྱབ་སྐྱོར་གནང་ནས་ལྟ་གྲུབ་དེ་དག་ཁ་ཞེ་གཉིས་མེད་ཀྱིས་རྒྱུན་འཛིན་གནང་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་འདི་ལོ་ཕྱི་ཟླ་ ༣ ནང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱི་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྣམ་པར་འགྱུར་བ་གང་བྱུང་མིན་ཐོག་གསུངས་ཡོད། ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་གྱི་རྣམ་པ་བསྟན་དགོས་ཐུག་པར་བརྟེན། ཕ་རན་སིའི་སྲིད་གཞུང་དང་གྲོས་ཚོགས་གཉིས
་ལ་གནད་དོན་དེའི་ཐོག་བསྒྲགས་གཏམ་ཞིག་སྤེལ་དགོས་པའི་རེ་འདུན་ཡང་བཏོན་ཡོད། གཞན་ཡང་སྐབས་དེར་ཕ་རན་སི་རྫོང་བཅུ་གཅིག་གི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་པེ་ཊིཀ་བྷོ་ལོ་ཆི་(Mr.Patrick Bloche)མཆོག་དང་བཀའ་ཁྲི་མཆོག་མཇལ་འཕྲད་གནང་ཡོད་པ་མ་ཟད། སྐབས་དེར་ཁོང་གིས་བཀའ་ཁྲི་མཆོག་གྲོང་ཁྱེར་སྤྱི་ཁྱབ་པའི་ལས་ཁུངས་སུ་གདན་ཞུ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས། སྐུ་ཞབས་པེ་ཊིཀ་བྷོ་ལོ་ཆི་མཆོག་ནི་ཕ་རན་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཞོན་ཡིན་འདུག ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་མཆོག་དང་ཡང་མཇལ་འཕྲད་གནང་ཡོད། དེ་རྗེས་བྷེལ་ཇམ་རྒྱལ་ས་བྷར་སེལ་དུ་མ་ཕེབས་གོང་བཀའ་ཁྲི་མཆོག་གིས་ཕ་རན་སིའི་སྲིད་བྱུས་ཉམས་ཞིབ་ཁང་གི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་ཕྱི་ནང་གཉིས་སུ་འགྱུར་འགྲོས་གང་བྱུང་མིན་ཐད་བགྲོ་གླེང་གནང་ཡོད་པ་བཅས།།