༢༠༡༡ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༦ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཇར་མན་གསར་འགྱུར་བརྒྱུད་ལམ་ཌ་ཆི་ཝེ་ལེ་(Deutsche Welle)ཞེས་པའི་ཆེད་དོན་དྲི་བར་ལན་འདེབས་གནང་སྐབས་འཛམ་གླིང་ནང་རྒྱ་ནག་གི་བཟང་སྤྱོད་སྟོབས་ཤུགས་དེ་བོད་ཀྱི་གནད་དོན་སེལ་མིན་ལ་ཐུག་ཡོད་སྐོར་གསུངས་ཡོད། དེ་ཡང་བཀའ་ཁྲི་མཆོག་གིས་གསར་འགྱུར་བརྒྱུད་ལམ་དེའི་ནང་གསུང་དོན། གལ་ཏེ་རྒྱ་ནག་ལ་བཟང་སྤྱོད་ཀྱི་སྟོབས་ཤུགས་མེད་ཚེ་གཞན་གྱིས་ཕལ་ཆེར་འཇིགས་སྣང་བྱེད་རྒྱུ་ཙམ་ལས་ཆེ་མཐོང་ལྡན་པའི་གུས་བརྩི་ཡང་དག་པ་ཞིག་འཐོབ་མི་སྲིད། བོད་ནང་གཞིས་ལུས་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པ་དེ་ནི་བོད་མི་ཚོས་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ལས་བྱུང་བ་ཞིག་ལས་བཙན་བྱོལ་བོད་མིས་ཁོང་ཚོར་བརྒྱུད་སྐུལ་བྱས་པ་ཞིག་རྩ་བ་ནས་མིན། མིའི་སྲོག་ནི་རིན་ཐང་ཧ་ཅང་ཆེན་པོ་ཡིན། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རང་ལུས་མེར་སྲེག་གཏོང་རྒྱུའི་རིགས་ལ་རྒྱབ་སྐྱོར་མཛད་ཀྱི་མེད་པ་མ་ཟད། རང་སྲོག་རང་གིས་གཅོད་རྒྱུའི་ལས་དོན་དེ་རིགས་མཚམས་འཇོག་དགོས་པའི་རེ་འདུན་ཡང་འདོན་གནང་མཛད་ཡོད། འཛམ་གླིང་ཕྱི་ནས་ཁོང་ཚོའི་དཀའ་ངལ་ལ་དོ་སྣང་སྤྲོད་ཀྱི་མི་འདུག་བསམས་ཏེ་བོད་མི་ཚོས་འ་ཆད་འུ་ཐུག་གིས་རྒྱལ་སྤྱི་ནས་དོ་སྣང་བསླེབ་ཆེད་རང་ལུས་མེར་སྲེག་བཏང་ཡོད། དེར་བརྟེན་སྲིད་གཞུང་དང་འཛམ་གླིང་གི་མི་སྣ་གྲགས་
ཅན་ཚོས་བོད་མི་ཚོར་རྒྱབ་སྐྱོར་གྱི་རྣམ་པ་སྟོན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། དེ་ཡིས་བོད་མི་ཚོར་སླར་ཡང་རེ་བ་གསར་པ་ཞིག་སྦྱིན་རྒྱུ་ཡིན། འདི་ལོ་ཕྱི་ཟླ་ ༡༠ ནང་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་ནས་༸གོང་ས་མཆོག་ལ་ལྷོ་ཨ་༌ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ཉིན་ཆིབས་སྒྱུར་སྐྱོང་ཆེད་མཐོང་ཆེན་འབུལ་ལམ་མ་ཞུས་པར་བརྟེན་བོད་མི་ཚོར་ཧ་ཅང་བློ་ཕམ་བྱུང་ཡོད།
དེ་བཞིན་རྒྱ་ནག་དང་ལྷན་ཚོང་འབྲེལ་བྱེད་རྒྱུར་ང་ཚོས་དགག་པ་ནམ་ཡང་རྒྱག་གི་མེད་ཀྱང་ཚོང་ཁོ་ནའི་ཆེད་གཞི་རྩའི་ལྟ་གྲུབ་སྣང་མེད་དུ་བཞག་པ་དེ་འདྲ་གནང་རྒྱུ་མེད། འདས་པའི་ལོ་ ༥༠ རིང་བོད་མི་ཚོས་འཚེ་བ་མེད་པ་དང་མང་གཙོ། དེ་བཞིན་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་རྒྱུར་འབད་བརྩོན་བྱས་ཡོད། གལ་ཏེ་བོད་མི་ཚོའི་འཐབ་རྩོད་དེ་ལམ་ལྷོང་མ་བྱུང་ཚེ་རང་སྐྱོང་གི་གནས་བབ་ཐོག་འཐབ་རྩོད་བྱེད་མཁན་གཞན་ལ་བརྡ་ལན་ངན་པ་ཞིག་སྤྲོད་ངེས་ཡིན། དྲག་པོའི་ལམ་ནས་དཀའ་ངལ་གང་ཡང་སེལ་མི་ཐུབ།
གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་རྒྱུ་དེ་ནི་རྒྱ་ནག་ལའང་ཁེ་ཕན་ཡོད། ལངས་ཕྱོགས་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡང་མཐུན་པ་ཞིག་ཆགས་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ལངས་ཕྱོགས་དེར་རྒྱབ་སྐྱོར་བྱེད་དགོས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་བཞིན་ཧོང་ཀོང་དང་མ་ཀོའི་ནང་ལག་བསྟར་བྱེད་མུས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།
བཀའ་ཁྲི་མཆོག་ཇར་མན་དུ་ཕེབས་འབྱོར་གྱིས་བོད་དོནརྒྱ་ཆེ་གླེང་བ།
གསར་གནས།
འབྲེལ་གནས།