༢༠༡༡ ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༥ ཉིན་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་གོ་སྒྲིག་འོག་བོད་ཁྱིམ་གཞི་རིམ་དབྱིན་དགེའི་སློབ་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་གད་སྙིགས་ཤེས་ཡོན་གྱི་མཐུན་རྐྱེན་དུ་བཀོལ་བའི་ཁུར་ཡུག་སྲུང་སྐྱོབས་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་དོན་གྲུབ་སྒྲོལ་མ་ལགས་ཀྱིས་ངོ་སྤྲོད་གནང་རྗེས་བོད་ཁྱིམ་དབྱིན་དགེའི་སློབ་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། ཐོག་མར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དང་གསར་འགོད་རྣམ་པར་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ང་རང་དགེ་རྒན་ཞིག་དང་སློབ་སྟོན་པ་ཞིག་ཡིན་པའི་ངོས་ནས་ཁོར་ཡུག་ལ་དོ་དབྱིངས་ཆེན་པོ་ཡོད། དེར་བརྟེན་སློབ་གྲྭའི་ནང་སློབ་སྦྱོང་གི་དགོས་མཁོའི་ཡོ་བྱད་ཁག་ཕྱི་ནས་ཉོ་མ་དགོས་པར་ང་ཚོས་ཉིན་རེའི་འཚོ་བའི་ནང་གད་སྙིགས་མང་པོ་བཟོས་ཀྱི་ཡོད། དེ་དག་ང་ཚོས་བེད་སྤྱོད་གཏོང་ཐུབ་ན་ཁོར་ཡུག་སྲུང་སྐྱོབས་དང་ཤེས་ཡོན་མཁོ་སྤྲོད་ཐུབ་རྒྱུར་ཡག་པོ་ཡོང་གི་རེད་བསམ་བཞིན་ཡོད། བོད་ཁྱིམ་སློབ་གྲྭ་དེ་བཞིན་ཚོགས་པ་ཆེན་པོ་ཞིག་ཡིན་པར་བརྟེན། འོ་མ་དང་ཤིང་འབྲས་ཀྱི་ཤོག་སྒམ་སོགས་གད་སྙིགས་མང་དག་ཡོད་པ་དེ་དག་ཁོར་ཡུག་སྲུང་སྐྱོབས་དང་སྦྲགས་བེད་སྤྱེད་བཏང་སྟེ་ང་རང་དང་ལས་རོགས་གཉིས་ནས་གཙོ་བོའི་འགན་འཁྱེར་ནས་གཙང་མ་བཟོས་ཏེ་ཕྱི་ལོ་ ༢༠༠༨ ནས་བོད་ཁྱིམ་སློབ་གྲྭ་ཡོངས་ལ་འཛིན་ཆས་དང་ཁྲིད་ཆས་འདྲ་མིན་མང་པོ་ཞིག་བཟོས་ཏེ་ཕུལ་ཡོད་ཅེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་བཞིན་ཁོང་རྣམ་པས་ཁོར་ཡུག་སྲུང་སྐྱོབས་དང་ཤེས་ཡོན་མཁོ་སྤྲོད་ཀྱི་དགོས་མཁོའི་ཡོ་བྱད་དང་དཔར་གྱི་ལམ་ནས་བོད་ཀྱི་སྐད་ཡིག་ངོ་སྤྲོད་དང་། དེ་བཞིན་མུ་འབྲེལ་སྒྲུང་གཏམ་སྣ་ཚོགས་ཤིག་གད་སྙིགས་མང་པོ་ཞིག་ལ་བཟོས་ཏེ་ཧ་ཅང་ཡིད་དབང་འཕྲོག་པའི་དགོས་མཁོ་སྣ་ཚོགས་ཤིག་འགྲེམས་སྟོན་གནང་འདུག
སྤྱིར་བོད་ཁྱིམ་དབྱིན་དགེའི་སློབ་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ནི་བོད་ཁྱིམ་ནང་ཞབས་ཕྱི་ཞུས་ཏེ་ལོ་ ༢༡ ཙམ་འགྲོ་གི་ཡོད་པ་དང་རྒྱུན་དུ་ཁོར་ཡུག་སྐོར་ལ་དོན་སྣང་ཆེན་པོ་གནང་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༥ ནས་ཁོར་ཡུག་ཐོག་ལས་དོན་འགོ་འཛུགས་གནང་སྟེ་བོད་ཁྱིམ་སློབ་གྲྭ་ཡོངས་དང་། རྡ་ས་ཁུལ་གྱི་དགོན་སྡེ་གྲྭ་ཚང་། སོགས་ལ་ཁོར་ཡུག་སྐོར་གོ་རྟོགས་སྤེལ་མྱོང་ཡོད་འདུག ཐེངས་འདིའི་ལས་འགུལ་འདིས་གངས་སྐྱིད་ཁུལ་གྱྱི་ལས་བྱེད་དང་མི་མང་། དེ་བཞིན་སློབ་ཕྲུག་རྣམས་ནས་སྔར་ལྷག་ཁོར་ཡུག་ལ་དོ་སྣང་ཡོང་ཆེད་ཡིན་པ་དང་། དེ་བཞིན་ལས་འགུལ་དེའི་ནང་སློབ་ཁྲིད་ཡོ་བྱད་འདྲ་མིན་ ༣༠ བརྒལ་བ་འགྲེམས་སྟོན་གནང་འདུག་པ་བཅས། །
གད་སྙིགས་ཤེས་ཡོན་གྱི་མཐུན་རྐྱེན་དུ་བཀོལ་བའི་ཁོར་ཡུག་སྲུང་སྐྱོབས་ཀྱི་གོ་རྟོགས་སྤེལ་བ།
གསར་གནས།
འབྲེལ་གནས།