ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་གི་དཔོན་རིགས་ཚོས་ཉེ་ཆར་འདོན་སྤེལ་བྱས་པའི་གསར་འགྱུར་གྱི་སྙན་ཐོ་ཞིག་གི་ནང་བོད་ཀྱི་གནད་དོན་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་གནད་དོན་ཡིན་པ་ལུང་འདྲེན་བྱས་ཡོད་པར། དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་བོད་ཀྱི་གནད་དོན་དེ་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཡིན་པ་ལས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མ་ཡིན་པའི་སྐོར་ལ་དབྱིན་ཡིག་ཐོག་ལན་འདེབས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་གཤམ་གསལ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་གནད་དོན།
༄༅། །རྒྱ་ནག་གི་དཔོན་རིགས་ཚོས་ཉེ་ཆར་འདོན་སྤེལ་བྱས་པའི་གསར་འགྱུར་གྱི་སྙན་ཐོར་གཞིགས་ན། བོད་ཀྱི་གནད་དོན་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་གནད་དོན་ཡིན་པ་ལུང་འདྲེན་བྱས་ཡོད་པ་རེད། ང་ཚོས་གོ་སྐབས་དེ་བཟུང་སྟེ་བསྐྱར་དུ་གསལ་པོ་བཟོ་རྒྱུར་བོད་ཀྱི་གནད་དོན་དེ་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་གི་མ་འོངས་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་གནད་དོན་གང་ཡང་མ་ཡིན།
དོན་དངོས་ཐོག་ཕྱི་ལོ་ ༡༩༨༡ ལོར་རྒྱ་ནག་གཞུང་གིས་གྲོས་འཆར་དོན་ཚན་ལྔ་སྟོན་པའི་འཁོད་གནས་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆབ་སྲིད་ཀྱི་གོ་གནས་དང་འཚོ་བའི་གནས་སྟངས་ཕྱི་ལོ་ ༡༩༥༩ ལོའི་སྔོན་དུ་གང་ཡོད་པ་གཞིར་བཟུང་འཇོག་རྒྱུ་ཡིན། ཞེས་བཀོད་ཡོད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོར་གནད་འགག་གི་གནད་དོན་དེ་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཡིན་པ་ལས་མགོན་པོ་གང་ཉིད་ཀྱི་སྐུ་སྒེར་གྱི་ངོས་ནས་རྒྱ་ནག་དབུས་གཞུང་ལ་རེ་བ་གང་ཡང་ཞུ་རྒྱུ་མེད། ཅེས་ཁ་གསལ་པོ་བཟོས་གནང་མཛད་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༩ ལོ་ནས་བཟུང་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་མུ་མཐུད་གནས་མིན་བོད་མི་མང་གིས་ཐག་གཅོད་བྱ་རྒྱུ་ཡིན། ཞེས་བཀའ་ཕེབས་ཡོད།
ཕྱི་ལོ་ ༡༩༩༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསལ་བསྒྲགས་ཤིག་གནང་དོན། ནམ་ཞིག་ང་ཚོར་དོན་དང་ལྡན་པའི་རང་སྲིད་རང་སྐྱོང་ཐོབ་ནས་བོད་དུ་ཕྱིར་ལོག་ཐུབ་ཚེ་མ་འོངས་བོད་གཞུང་ནང་མགོན་པོ་གང་ཉིད་ཀྱིས་ཐེ་གཏོགས་གང་ཡང་གནང་རྒྱུ་མིན་པ་དང་། གཞུང་ནང་སྔར་སྲོལ་དུ་ཡོད་པ་བཞིན་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་གོ་གནས་ཀྱང་བཞེས་ཀྱི་མིན། ཞེས་བཀའ་ཕེབས་ཡོད་པ་རེད། ང་ཚོའི་ངོས་ནས་དམིགས་བསལ་རྒྱ་རིགས་སྤན་ཟླ་རྣམས་ལ་གསལ་པོ་ཞུ་རྒྱུར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་མི་རྣམས་ལ་ཕྱི་ལོ་ ༡༩༥༩ གོང་དུ་བོད་ནང་ཡོད་པའི་སྤྱི་ཚོགས་རྙིང་པ་སླར་གསོ་བྱེད་རྒྱུའི་བསམ་བློ་ཐ་ན་རྨི་ལམ་ཚུན་ཆད་དུ་ཡང་ཡོད་པ་མ་རེད། དོན་དངོས་ཐོག་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་མང་གཙོ་དབུ་འཛུགས་གནང་ནས་བོད་མི་མང་སྤྱི་འཐུས་རྣམས་འོས་འདེམས་ལམ་ནས་བསྐོ་བཞག་གནང་གི་ཡོད་པ་རེད།
ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཆབ་སྲིད་ཀྱི་དབུ་ཁྲིད་འོས་འདེམས་བྱས་ཡོད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཕྱེད་རྒས་ཡོལ་ལ་ངོས་འཛིན་གནང་གི་ཡོད་པ་རེད། ཡིན་ནའང་མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་མུ་མཐུད་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་དབར་མཛའ་མཐུན་མཉམ་གནས་ཡོང་རྒྱུ་བཅས་ཀྱི་སླད་རླབས་ཆེན་གྱི་མཛད་འཕྲིན་བསྐྱང་གནང་མཛད་རྒྱུུ་རེད།
ཕྱི་ལོ་ ༢༠༠༢ ནས་རྒྱ་ནག་གཞུང་དང་འབྲེལ་མོལ་བསྐྱར་འཛུགས་ལ་རྗེས་འབྲང་བྱས་པ་ནས་བཟུང་སྐུ་ཚབ་རྣམ་པས་ཐུག་འཕྲད་ཚང་མའི་སྐབས་གནད་དོན་དེ་བོད་མི་མང་གི་བདེ་སྡུག་ཡིན་པ་ལས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་གནད་དོན་མིེན་པ་བརྡ་ལན་སྤྲོད་ཀྱི་ཡོད་པ་རེད།
སྐུ་སྒེར་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན།
འབྲེལ་མཐུད་གནང་མི།
བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག ༡་༣༤༧ ༥༦༣ ༥༩༧༦
བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ༡་༩༠༨ ༨༢༡ ༧༢༨༤
ཐུགས་སྣང་། གསལ་བསྒྲགས་ངོ་མ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་རང་ལ་རྩ་འཛིན་ཡོད་པ་ཞུ།