༠༨།༧།༡༦
རྔ་བ་རྫོང་ཁོངས་རྟོགས་ལྡན་དགོན་པར་དམ་དྲག་ཆེ་རུ་བཏང་བ། ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ནས་བཟུང་ཨ་མདོ་རྔ་བ་རྫོང་ཁོངས་རྟོགས་ལྡན་དགོན་པར་དྲག་ཆས་དམག་མི་འཕར་མ་སླེབས་ཏེ་དམ་དྲག་བྱེད་འགོ་ཚུགས་ཡོད་པ་དང་། དྲག་ཆས་དམག་མིས་དགོན་པའི་འདུ་ཁང་སོགས་སུ་གློག་སྐུད་འཐེན་གྱི་ཡོད་ཚུལ་བཤད་དེ་དོན་དངོས་དཔར་ཆས་བཙུགས་ཏེ་དགེ་འདུན་པ་རྣམས་ཀྱི་འགུལ་ཕྱོགས་ལ་ལྟ་སྲུང་ནན་པོ་བྱ་རྒྱུ་རེད་འདུག
དགེ་འདུན་པ་དགོན་པ་ནས་རང་དགར་ཁ་བྲལ་ཏེ་ཕྱིན་པ་རྣམས་ཟླ་ ༧ ཚེས་ ༡༥ ནང་ཚུད་དགོན་པར་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་སྟེ་དགོན་པར་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག ཉེ་སྔོན་ཟླ་ ༣ པའི་ནང་འཛིན་བཟུང་བྱས་པའི་དགོན་དེའི་གྲྭ་བླ་མ་སྐྱབས་དང་། འཕྲིན་ཁོ་ཞེས་པ་གཉིས་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོས་རྒྱུ་མེད་པར་གྱུར་ཡོད། སྤྱིར་རྔ་བ་ཁུལ་གྱི་དགོན་སྡེ་ཁག་ཏུ་དམ་དྲག་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག
ཆབ་སྲིད་གནད་དོན་འོག་ལྷ་ས་ནས་མི་ཞིག་འཛིན་བཟུང་བྱས་པ། ཕྱི་ཟླ་ ༧ ཚེས་ ༡༠ ཉིན་ལྷ་སའི་སྤྱི་བདེ་ཉེན་རྟོག་ཚན་པས་སྐྱེས་ཡུལ་ཁམས་དཀར་མཛེས་རྫོང་ཁོངས་དར་རྒྱས་དགོན་པའི་ཉེ་ཁུལ་ནས་ཡིན་ཞིང་རྒྱུན་གཏན་ལྷ་སར་ཚོང་གཉེར་བྱེད་མཁན་རང་ལོ་༤༠ ཙམ་སོན་པའི་ཐུབ་བསྟན་ཞུ་བ་ཞིག་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པའི་དོགས་གཞིའི་འོག་རང་ཁྱིམ་ནས་གློ་བུར་འཛིན་བཟུང་བྱས་རྗེས་ད་ཆ་གར་སོང་ཆ་མེད་དུ་གྱུར་འདུག
འཛིན་བཟུང་བྱས་པའི་བླ་བྲང་དགོན་པའི་གྲྭ་བ་གཉིས་ལན་ཀྲོའུ་ས་ཁུལ་དུ་འཁྲིད་པ། ཕྱི་ཟླ་ ༦ ཚེས་ ༣༠ ཙམ་དུ་ཨ་མདོ་བསངས་ཆུ་རྫོང་བླ་བྲང་གྲོང་བརྡལ་ཁོངས་ཀྱི་བླ་བྲང་དགོན་པའི་རང་ལོ་༣༧ དུ་སོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་དང་། རང་ལོ་ ༤༠ ཙམ་དུ་སོན་པའི་ཅོ་ནེ་མཁས་གྲུབ་ཞུ་བ་གཉིས་དེ་སྔ་ཞི་རྒོལ་བྱུང་རྗེས་རི་རྩེར་ཉེན་གཡོལ་དུ་སོང་བར་དྲག་ཆས་དམག་མིས་རྗེས་འདེད་བཙལ་འཚོལ་བྱས་ཏེ་མེ་མདའ་བརྒྱབ་པ་སོགས་དྲག་ཤུགས་ཀྱིས་འཛིན་བཟུང་བྱས་ཟིན་པ་ད་ཆ་རྒྱ་ནག་ལན་ཀྲོའུ་ས་ཁུལ་དུ་འཁྲིད་ཡོད་འདུག མེ་མདའ་དངོས་སུ་ཕོག་ཡོད་མེད་ཁ་གསལ་མི་འདུག
དཀར་མཛེས་ཁུལ་གྱི་དགོན་སྡེ་ཞིག་གི་གྲྭ་བ་ ༡༠ གསང་ཡིབ་བཙོན་ཁང་དུ་སྤོ་སྐྱེལ་བྱས་པ། ཕྱི་ཟླ་ ༧ པའི་ནང་ཁམས་དཀར་མཛེས་ཁུལ་གྱི་དགོན་སྡེ་ཞིག་ནས་ཡིན་པའི་དགེ་འདུན་པ་ ༡༠ ཙམ་ཞིག་ལྷ་སའི་བྱང་ཕྱོགས་སུ་ཡོད་པའི་གསང་ཡིབ་བཙོན་ཁང་དུ་སྤོ་སྐྱེལ་བྱས་ཡོད་འདུག དེའི་ཁོངས་སུ་གྲྭ་བསྟན་འཛིན་བཟོད་པ་དང་། ཉི་མ་བཀྲིས། དགེ་ལེགས་སོགས་ཡོད་འདུག་ཀྱང་། དགེ་འདུན་པ་དེ་རྣམས་ཀྱི་འཛིན་བཟུང་དང་སྤོ་སྐྱེལ་བྱས་པའི་དུས་ཚོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག (མཆན༔དགེ་འདུན་པ་དེ་རྣམས་ཀ་ཐོག་དགོན་པ་ནས་ཡིན་ཚུལ་འདུག་པར་གཞིགས་ན་དཀར་མཛེས་ས་ཁུལ་དཔལ་ཡུལ་རྫོང་ཁོངས་སུ་ཡོད་པའི་ཀ་ཐོག་དགོན་པའི་དགེ་འདུན་པ་མིན་ནམ་སྙམ།)