༢༠༡༡ ཟླ་ ༡༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་སྤོན་ཌོ་བཀྲ་ཤིས་གླིང་གཞིས་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་སྤོན་ཌོ་བཀྲ་ཤིས་གླིང་གིས་གཙོས་སུན་མཚོ་མན་གསུམ་དུ་བོད་ནང་རང་ལུས་ཞུགས་མེར་སྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་སྤོན་ཌོ་བཀྲ་ཤིས་གླིང་གཞིས་ལས་ཁང་གི་ལས་བྱེད་རྣམ་པ་དང་མི་མང་རྒན་གཞོན་བར་གསུམ་བཅས་ཁྱོན་མི་གྲངས་ ༣༢ ཙམ་འདུ་འཛོམས་ཀྱིས་གཞིས་དགོན་བྱང་ཆུབ་ཆོས་གླིང་དུ་མཆོད་མེ་བརྒྱ་མཆོད་ཕུལ་ཐོག་ཞབས་རིམ་མ་ཎི་གྲངས་ ༣༦༡༦༠༠ དང། གུ་རུའི་གཟུངས་སྔགས་གྲངས་ ༢༨༩༠༠། བཟང་སྤྱོད་སྨོན་ལམ་གྲངས་ ༥༥ དང་སྒྲོལ་མ་གྲངས་ ༤༨༠ བཅས་གསོག་སྒྲུབ་ཞུས་ཡོད། དེ་ནས་དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་ལས་བྱེད་དང་མི་མང་རྣམས་ཀྱིས་གཞིས་དགོན་མཐའ་སྐོར་བྱང་ཆུབ་སེམས་མཆོག་འུར་འདོན་གྱིས་མར་མེ་ཁྲོམ་སྐོར་གནང་ཡོད།
དེ་བཞིན་མན་ཌི་གནས་སྡོད་མི་མང་རྒན་གཞོན་བར་གསུམ་གྱིས་གོང་ཚེས་ཉིན་བོད་མིའི་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་སྟེ་སྔ་དྲོ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ དང། ཕྱི་དྲོ་ཆུ་ཚོད་ ༦ ནས་ ༩ བར་ས་གནས་རང་བདེན་ལས་ཁུངས་སུ་འདུ་འཛོམས་ཀྱིས་མཆོད་འབུལ་དང་ཞབས་རིམ་མ་ཎི་ཁྱོན་བསྡོམས་གྲངས་ ༣༩༥༡༠༠ གསོག་སྒྲུབ་ཞུས་ཡོད་པ་དང། སྤོན་ཌོ་གཞིས་ལས་ཁང་ཁྱབ་ཁོངས་སུན་རྡར་ནཱ་གར་གནས་སྡོད་བོད་མི་ཨམ་བྷ་ལར་དགུན་ཚོང་སྐྱོན་མཁན་གྲོང་པ་ ༩ ཙམ་ཡོད་པ་ཁོང་རྣམས་ཀྱིས་དེ་ཉིན་ཚོང་ཁང་སྒོ་བརྒྱབ་སྟེ་སྔ་དྲོ་ཆུ་ཚོད་ ༩ ནས་ ༥ བར་མ་ཎི་གྲངས་ ༤༦༣༠༠༠ གསོག་བསྒྲུབས་དང་མར་མེ་ཁྲོམ་སྐོར་ཡང་གནང་ཡོད།
ཕྱོགས་མཚུངས་མཚོ་པདྨ་གནས་སྡོད་སེར་སྐྱ་མི་མང་རྣམས་ཀྱིས་གོང་ཚེས་ཉིན་འཛི་སྒར་དགོན་པའི་མདུན་ཐང་དུ་འདུ་འཛོམས་ཐོག་སྔ་དྲོ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་མཆོད་འབུལ་དང་མ་ཎི་ས་ཡ་གཉིས་ཙམ་གསོག་སྒྲུབ་ཞུས་པ་དང་ལྷན། ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་སེར་སྐྱ་མི་མང་ཡོངས་ཀྱིས་བྱང་ཆུབ་སེམས་མཆོག་འོར་འདོན་ཐོག་མཚོ་པདམའི་སྐོར་ལམ་དུ་མར་མེ་ཁྲོམ་སྐོར་གནང་ཡོད། དེ་ཉིན་བོད་མིའི་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་མ་ཟད། སེར་སྐྱ་མང་ཚོགས་ཁག་གཅིག་གིས་ཟས་བཅད་སྨྱུང་གནས་སུ་བཞུགས་ཡོད། དེ་བཞིན་མཚོ་པདྨའི་རི་ཁྲོད་བྱང་ཆུབ་གླིང་དགོན་པའི་བཙུན་མ་རྣམས་ཀྱིས་དགོན་པར་འདུ་འཛོམས་ཐོག་མ་ཎི་དང་སྨོན་ལམ་གང་མང་གསུང་འདོན་ཐོག་ཕྱི་དྲོར་རི་ཁྲོད་དུ་མར་མེ་ཁྲོམ་སྐོར་གནང་ཡོད། ལས་འགུལ་དང་འབྲེལ་བའི་གནས་ཚུལ་རྣམས་རྒྱ་གར་སྐད་ཡིག་ཐོག་མངའ་སྡེའི་ཚགས་ཤོག་ནང་སྤེལ་ཡོད་པ་བཅས།།
སུན་མཚོ་མན་གསུམ་དུ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་བ།
གསར་གནས།
འབྲེལ་གནས།