༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་ཨོ་ཌི་ཤ་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཆོད་གན་ཕྱི་བཅོས་གསོ་ཐབས་པ་ཞིག་གི་ཆོད་གན་ (on contract basis) ས་མིག་ཅིག་ཡོད་པ་དེའི་ཐོག་རང་རེའི་སྤྱི་ཚོགས་ཁྲོད་ཞབས་ཞུ་གནང་བློ་ཡོད་རིགས་ནས་གཤམ་དུ་ཆ་རྐྱེན་ཁག་གསལ་བ་གཞིར་བཟུང་འཚང་སྙན་འབུལ་གནང་དགོས་རྒྱུ།
དགོས་མཁོའི་ཆ་རྐྱེན་ཁག
༡། ཕྱི་བཅོས་གསོ་ཐབས་པ་སློབ་ཐོན་ཟིན་པའི་ལག་འཁྱེར་ངོ་བཤུས།
༢། དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་གཙང་ཕུལ་ཞུས་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ངོ་སྤྲོད་ལག་འཁྱེར་གྱི་ངོ་བཤུས།
༤། གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་ཚད་ལྡན་སྨན་པའི་མཚན་རྟགས་དང་ལས་དམ་འཁོད་པ་ངོ་མ།
༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༦། སྤྱི་སྒེར་ལས་ཁུངས་སམ་ཚོགས་པ་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ཡིག་ཆ་ཁག་གི་འདྲ་བཤུས་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་ (Attestation) བཀོད་དེ་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཕྱི་དྲོ་ཆུ་ཚོད་ ༥ པའི་གོང་འབུལ་དགོས་པ་དང་། དོ་བདག་ལ་འབྲེལ་བ་ཞུ་བདེའི་སླད་གཏན་སྡོད་གནང་སའི་ཞལ་བྱང་དང་། གློག་འཕིན་ Email ID དེ་བཞིན་ཞལ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་འགོད་དགོས། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་ཉིན་མིག་སྟོན་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༨ ལ།།
འཚང་སྙན་འབུལ་ཡུལ།
Secretary
Department of Health, CTA
Gangchen Kyishong, Dharamsala 176215
District Kangra (H.P) INDIA
Phone: 01892-223408/222718, Coordinator: 9882357573
Email: [email protected] /[email protected]