༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཆོས་ལྡན་ལགས་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་སེམས་ཁམས་རྒྱང་བཅོས་འབྲེལ་མཐུད་པ་ཤེས་རབ་མཚོ་མོ་ལགས། ཉམས་གསོག་བསོད་ནམས་སྒྲོལ་མ་ལགས་བཅས་རྒྱ་གར་གྱི་གོ་ཝཱ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སང་གྷཐ་ (Sangath) ཞེས་པའི་སེམས་ཁམས་འཕྲོད་བསྟེན་ཚོགས་པའི་སྨན་པ་ཨ་བྷི་ཇི་ཐི་ (Dr. Abhijit Nadkarni) ལགས་དང་། སྨན་པ་ཀེ་དར་ (Kedar Mirchandani) ལགས། སྨན་པ་ཨུར་ཝི་ཊ་ (Urvita Bhatia) ལགས་བཅས་དང་ཟུང་སྦྲེལ་གྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུད་གླིང་དང་། སྦེལ་ཀོབ། ཀོ་ལི་གྷལ་དོན་ལྡན་གླིང་། ཧུན་སུན་རབ་རྒྱས་གླིང་བཅས་སུ་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༥ ནས་ཟླ་བ་ ༥ ཚེས་ ༡༢ བར་ཆེད་བསྐྱོད་ཀྱིས་སེམས་ཁམས་བདེ་མིན་གྱི་ནད་པ་དང་། དེ་བཞིན་ཁོང་ཚོའི་ནང་མི་དང་སྨན་ཞབས་པ་སོགས་ལ་དངོས་སུ་ཐུག་འཕྲད་གནང་སྟེ་རྟོག་ཞིབ་གནང་ཡོད།
གཞན་ཡང་ཁོང་རྣམ་པས་ཟུར་དུ་ས་གནས་ཀྱི་འབྲེལ་ཡོད་འགན་འཛིན་གྲངས་ ༥༩ དང་། ས་གནས་མི་མང་གྲངས་ ༤༦༨། གཞིས་ཆགས་ཁག་ལྔའི་ནང་གི་སློབ་ཕྲུག་གྲངས་ ༥༣༡ བཅས་ལ་སེམས་ཁམས་འཕྲོད་བསྟེན་དང་དེའི་དཀའ་ངལ། བཅོས་ཐབས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་གནང་ཡོད། ལས་གཞི་འདིའི་འགྲོ་གྲོན་སླད་ཨ་རིའི་རོགས་ཚོགས་པི་ཨར་ཨེམ་ (PRM) ནས་མཐུན་འགྱུར་གནང་ཡོད་པ་བཅས།།