༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༠ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་ (Antony J. Blinken) མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་པའི་རང་དབང་ཁང་པའི་ཕྱི་ལོ་ ༢༠༢༣ ལོའི་ལོ་འཁོར་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བོད་ནང་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་ལོ་ན་ལྔར་སོན་པའི་བྱིས་པ་རྣམས་ཚུད་པའི་བོད་མི་གྲངས་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་རིགས་རྫས་དཔེ་མཚོན་བསྡུ་ལེན་བྱས་ཡོད་པའི་སྐོར་ཐུགས་འཚབ་དང་སྦྲགས་གླེང་སློང་གནང་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་མཆོག་གིས། བོད་ནང་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་བོད་མིའི་རིགས་རྫས་བསྡུ་ལེན་བྱས་པ་དེ་ནི་བོད་མིའི་མི་འབོར་ཐོག་དམ་བསྒྲགས་དང་བྱ་ར་བྱེད་སྟངས་ཀྱི་རྣམ་པ་འཕར་མ་ཞིག་ཡིན་པས། ང་ཚོར་སེམས་འཚབ་བྱུང་། ཞེས་གསུངས།
ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ (Human Rights Watch) ཚོགས་པས་བོད་ནང་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ནང་སྔོན་འགྲོ་སློབ་གྲྭའི་བྱིས་པ་རྣམས་ཚུད་པའི་ས་གནས་བོད་མི་རྣམས་ཀྱི་ཁྲག་གི་རིགས་རྫས་དཔེ་མཚོན་བསྡུ་ལེན་བྱས་ཡོད་པའི་སྐོར་སྙན་ཐོར་བཀོད་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་རིམ་པ་བདུན་དུ་རིགས་རྫས་དཔེ་མཚོན་བསྡུ་ལེན་གྱི་ལས་གཞི་ལག་བསྟར་བྱས་ཡོད་པ་སྙན་ཐོའི་ནང་བཀོད་ཡོད་པ་བཅས། །