༢༠༡༠ ཟླ་ ༧ ཚེས་ ༢༣ རེས་གཟའ་པ་སངས།
༄༅།།ཕྱི་ལོ་༢༠༡༠ཟླ་ ༧ ཚེས་ ༢༢ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ལྡུམ་ར་བསམ་དགོན་བྱམས་བརྩེ་ཐོས་བསམ་སློབ་གཉེར་བའི་ནང་ཆོས་བགྲོ་གླེང་ཚོགས་འདུའི་ཚོགས་མགོན་དུ་ཆིབས་སྒྱུར་བཀྲིན་ཆེ་བ་བསྐྱངས་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་འདི་སྤྱིར་འཛམ་གླིང་འདིའི་སྟེང་གི་གཅེས་ནོར་ལབ་ཀྱང་ཆོག་པ་ཞིག་དང་དགོས་སུ་ལ་དྭགས་དང་ཧི་མ་ལ་ཡའི་རི་རྒྱུད་སྤྱིའི་མཚོན་ཆེད་ཞིག་ཆགས་ཡོད་སྟབས་རབ་བྱུང་ཕོ་མོ་ཙམ་མ་ཡིན་པར་སྐྱ་སེར་ཚང་མར་འགན་ཡོད་པ་ཞིག་རེད། བོད་གངས་ཅན་ལྗོངས་ལ་འདས་པའི་ལོ་ ༦༠ ཙམ་གྱི་རིང་ལ་དཀའ་ངལ་ཆེན་པོ་འཕྲད་དང་འཕྲད་བཞིན་པ་རེད།ཡིན་ནའང་སྤྱིར་འཛམ་གླིང་སྤྱིའི་འགྱུར་བ་དང་ཡང་སྒོས་སུ་རྒྱ་ནག་ནང་གི་འགྱུར་བ་ལ་བརྟེན་ནས་རིམ་པས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་ཏན་ཏན་ཡོད། འོན་ཀྱང་བསྟན་པ་ལ་ཆེད་དུ་གཉེར་ནས་སྟངས་འཛིན་བྱེད་རྒྱུ་ཞིག་ཆགས་ཡོད་དུས་དཀའ་ངལ་ཆེན་པོ་ཡོད་པའི་སྐབས་འདིར་ཧི་མ་ལ་ཡའི་རི་རྒྱུད་མི་མང་ཚོར་སློབ་སྦྱོང་བྱེད་རྒྱུའི་རང་དབང་དང་གོ་སྐབས་ཡོད་དུས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དེ་ཆ་ཚང་བ་བདག་ཉར་བྱེད་རྒྱུ་ཁྱེད་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་གཅིག་གྱུར་ཡིན་མཁན་ཚོས་ཤུགས་བརྒྱབ་ནས་རིག་པ་འགྲིམས་རྒྱུའི་དམིགས་བསལ་འགན་ཡོད་པ་རེད་ཅེས་བཀའ་སློབ་སྩལ་ཡོད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནུབ་ར་བསམ་གཏན་གླིང་དུ་ཆིབས་སྒྱུར་སྐབས་དང་བསྟུན་མགོན་པོ་གང་ཉིད་ཀྱི་བཀའ་བཞིན་སྒྲུབ་པའི་མཆོད་པའི་ཆ་ཤས་བསྟན་པ་རྒྱས་པའི་ཆ་རྐྱེན་དམ་ཆོས་ཁྱབ་སྤེལ་དང་འབྲེལ་བའི་བགྲོ་གླེང་ཞིག་བསམ་དགོན་བྱམས་བརྩེ་ཐོས་བསམ་གླིང་སློབ་གཉེར་བ་ཚོས་གོ་སྒྲིག་གནང་ཡོད་པ་རེད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བགྲོ་གླེང་བརྗོད་གཞི་དཔལ་ན་ལེཎྜའི་ཆོས་བརྒྱུད་ཟབ་མོ་འདི་ཉིད་མི་ཉམས་ཡུན་གནས་ཡོང་ཐབས་སུ་ཧི་མ་ལ་ཡའི་ལྗོངས་ཀྱི་མི་མང་རྣམས་ཀྱིས་ཐུགས་འགན་བཞེས་ཕྱོགས་སྐོར་གྱི་འགྲེལ་བཤད་དང་རང་རེ་ནང་པ་སངས་རྒྱས་པ་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་ཚད་ལྡན་ཞིག་བྱེད་དགོས་ཚུལ་སྐོར་གྱི་བགྲོ་གླེང་གནང་ཡོད་པ་དང་མང་ཚོགས་ནས་འདི་ཐོག་དོགས་དྲི་གནང་ཡོད་པ་རེད།བགྲོ་གླེང་ཚོགས་འདུའི་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་རི་རྫོང་སྲས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་གིས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པའི་མཛད་འཕྲིན་སྐོར་དང་ནང་པ་སངས་རྒྱས་པའི་བསྟན་པ་འདི་བཞིན་མི་ཉམས་རྒྱུན་འཛིན་གནང་རྒྱུ་དེ་ནི་དགེ་བཙུན་གཅིག་པུར་མ་ཡིན་པར་སྐྱ་བོ་ཕོ་མོ་ཚོར་ཡང་འགན་ཡོད་པའི་བཀའ་སློབ་ཀྱང་ཕེབས་ཡོད།བསམ་མགོན་བྱམས་བརྩེ་ཐོས་བསམ་གླིང་སློབ་གྲྭར་སློབ་ཕྲུག ༤༥ ཙམ་ཡོད་པ་རེད་སློབ་གྲྭ་འདི་ནས་འཛིན་རིམ་བརྒྱད་པ་ཐོན་མཚམས་གདན་ས་ཁག་ལ་སློབ་གཉེར་ཆེད་གཏོང་གི་ཡོད་པ་རེད།༡༩༩༨ ལོར་གསར་བཙུགས་གནང་བའི་སློབ་གྲྭ་འདིར་དེང་དུས་ཤེས་ཡོན་ཀམ་པུ་ཌར་ལ་སོགས་པའི་སློབ་ཚན་ཁག་གི་ཐོག་མཚན་ཉིད་སློབ་སྦྱོང་གནང་གི་ཡོད་པ་རེད། ཕྱི་ལོ་ ༢༠༠༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་སྐབས་སློབ་ཕྲུག་ཚོས་ནང་དོན་རིག་པའི་བགྲོ་གླེང་དམ་བཅའ་དང་རྩོད་པ་གནང་ཡོད།སློབ་གྲྭའི་ནང་དོན་རིག་པའི་མཚན་ཉིད་དགེ་རྒན་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་སྐབས་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་དྲི་མ་མེད་པ་འདི་བདག་གཅེས་བྱེད་རྒྱུ་དེ་ཧི་མ་ལ་ཡའི་རི་རྒྱུད་མི་མང་ཚོར་ཡོད་ཅེས་ཕེབས་པ་བཞིན་ད་ལན་གྱི་བགྲོ་གླེང་དི་བཞིན་སྐུལ་མ་ལྟ་བུར་མ་འོངས་པར་སློབ་གྲྭ་གཞན་པའི་ནང་དུ་སློབ་སྦྱོང་གནང་རྒྱུའི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསམ་གཏན་གླིང་གི་མཛད་ཕྲིན་ཁག་ལེགས་པར་གྲུབ་ནས་ཡར་མ་མགོན་པོའི་དགོན་པར་ཆིབས་ཞལ་བསྒྱུར་བ་བཅས།