༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་ཡུལ་ལུང་འདྲ་མིན་སོགས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་བརྒྱ་ཕྲག་ཙམ་ལ་མཇལ་ཁའི་སྐབས་བཀའ་སློབ་སྩལ་དོན། རྒྱལ་བ་རིན་པོ་ཆེས་མགོ་ཁྲིད་དེ་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ངོས་ཀྱིས་བཟུང་ཡོད་པ་རེད། ཚུར་བཙན་བྱོལ་ལ་ཡོང་མཁན་ཚོའི་སེམས་ཤུགས་ཀྱང་ངོས་ཀྱིས་བཟུང་ཡོད། ངོས་རང་ལོ་བརྒྱ་ལྷག་ཅིག་བསྡད་ཀྱི་རེད། ཤེས་སོང་ངམ། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། ་བདེ་པོ་དང་སེམས་སྐྱིད་པོ་བྱས་ཏེ་སྡོད། ང་ཚོ་བོད་གངས་ཅན་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཡིན་པས། སྤྱི་ཡོངས་ཀྱིས་བཤད་ན་བོད་ཀྱི་བྱིས་པ་ཆུང་ཆུང་ཚོས་ཀྱང་འབུ་མ་གསོད་ཟེར་བའི་གོམས་སྲོལ་ཞིག་ཡོད། ཕྱི་རྒྱལ་གྱི་བྱིས་པ་ཚོ་འབུ་གསོད་པར་སྣང་མེད་རེད་འདུག བོད་པ་ཚོ་ཆུང་ཆུང་སྐབས་ནས་འབུ་མ་གསོད་ཅེས་བཤད་ཀྱི་ཡོད། ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྒྱུན་འཛིན་གྱི་མི་རིགས་ཤིག་ཆགས་ཡོད་པ་རེད། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་ཆགས་ཡོད། ངོས་ཀྱིས་འཕགས་པ་སྤྱན་རས་གཟིགས་ལ་མགྲོན་གཉེར་བྱས་ཏེ་བོད་པ་ཚོའི་ཚབ་བྱས་ནས་ཞུ་བརྒྱུད་བྱེད། ཤེས་སོང་ངམ། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།གཞན་ཡང་ཕྱི་ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་མཇལ་ཁའི་སྐབས་ཆོས་དང་རིག་གཞུང་གཅེས་འཛིན་དགོས་པའི་སྐོར་བཀའ་སློབ་སྩལ་དོན། ང་ཚོ་བོད་པ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ཀྱང་། བོད་པའི་ཆོས་དང་རིག་གཞུང་དེ་ཚང་མས་བཟུང་ཡོད་པ་དེ་གཟི་བརྗིད་ཡིན། ང་ཚོས་སོ་སོའི་རིག་གཞུང་བཟུང་བ་དེ་ཆགས་སྡང་གི་སྐད་ཆ་མིན་པར་དངོས་གནས་སེམས་པ་བཟང་པོ་བྱེད་པ་དང་། ཀུན་ལ་ཕན་སེམས་བྱེད་པ། ལྷག་པར་ཉམ་ཐག་ཚོ་ལ་རོགས་བྱེད་པ་དེ་བོད་པའི་རིག་གཞུང་དང་གོམས་གཤིས་ཆགས་ཡོད། དཔེར་ན། བོད་པ་ཆུང་ཆུང་སྐབས་ནས་ཕ་མས་བྱིས་པ་ཚོར་འབུ་མ་གསོད་ཅེས་བཤད་ཀྱི་ཡོད་པས་བྱིས་པ་ཆུང་ཆུང་སྐབས་ནས་སྲོག་གཅོད་པ་དེ་མ་རུང་བ་ཞིག་དང་། མ་འོས་པ་ཞིག་ལ་མཐོང་གི་ཡོད་པ་དེ་བོད་པའི་གོམས་གཤིས་དང་རིག་གཞུང་ཞིག་ཡིན།
ང་ཚོས་བོད་པའི་ཆོས་དང་རིག་གཞུང་ཞེས་སྐད་ལོག་བརྒྱབ་པའི་རྒྱུ་མཚན་དེ་བོད་པར་འབུ་སྲིན་ཚུན་ཆད་ལ་གནོད་པ་མི་བྱེད་པའི་གོམས་གཤིས་ཤིག་ཡོད་པ་དེ་འཛམ་གླིང་འདིའི་སྒང་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཆགས་ཡོད།
འཛམ་གླིང་འདིར་མི་དང་མི་ནང་ཚགས་རྒྱག་རེས་བརྒྱབ་ནས་གསོད་རེས་གཏོང་བ་དང་། དམག་དཔུང་གིས་མེ་མདའ་འཁྱེར་ནས་གསོད་རེས་གཏོང་བ་དེ། དེང་སང་འཛམ་གླིང་མིའི་གོམས་གཤིས་ལྟ་བུ་ཞིག་ཆགས་ཡོད་པར་བརྟེན། ང་ཚོར་ཕ་མེས་ནས་འབུ་སྲིན་ཚུན་ཆད་ལ་གནོད་པ་མི་བྱེད་པའི་གོམས་གཤིས་ཤིག་ཡོད་པ་དེ་ཧ་ཅང་རྩ་ཆེན་པོ་འདུག
འཛམ་གླིང་འདིའི་སྒང་ཆོས་ལ་དད་པ་བྱེད་དང་མི་བྱེད་སོ་སོའི་རང་དབང་ཡིན་ནའང་ང་ཚོར་སྲོག་མི་གཅོད་ཅིང་འབུ་སྲིན་ཚུན་ཆད་ལ་འཚེ་བ་མི་བྱེད་པའི་གོམས་གཤིས་ཤིག་ཡོད་པ་དེ་འཛམ་གླིང་འདིའི་སྒང་རིམ་པས་ཁྱབ་བརྡལ་གཏོང་ཐུབ་རྒྱུ་དེ་བོད་པའི་ལས་འགན་ཡིན།
ད་ལྟ་བོད་པའི་གནས་སྟངས་དེ་ཐབས་སྐྱོ་བོ་ཞིག་གི་སྒང་ཡོད་ཀྱང་། དེང་སང་རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་ཡི་འདུག་པ་མ་ཟད། ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག་པ་དང་ཆབས་ཅིག་ཏཱ་ལའི་བླ་མ་ལ་དད་མོས་བྱེད་མཁན་ཡང་ཤུགས་ཆེ་རུ་འགྲོ་བཞིན་འདུག་པས། བོད་པའི་ཆོས་དང་རིག་གཞུང་དེ་བོད་པ་ཉུང་ཤས་ཤིག་གིས་བདག་པོ་བརྒྱབ་ནས་སྡོད་པ་མིན་པར། འཛམ་གླིང་འདིའི་སྒང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བཟོ་ཐུབ་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་ཡིན། བོད་པ་ཚོར་ཡ་རབས་སྤྱོད་བཟང་ཡོད་པ་དེ། བོད་པའི་གོམས་གཤིས་དང་རིག་གཞུང་རེད་ལ། དེར་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ཁྱོད་ཚོ་མི་རབས་གསར་པ་ཚོས་སྤགས་གཡོ་ཤེས་ཀྱི་ཡོད་དམ། བོད་པའི་ཟ་མ་གཙོ་བོ་དེ་སྤགས་ཡིན་པས། ངོས་ཀྱིས་མགྲོན་ཁང་ནང་ལའང་རྩམ་པ་མཉམ་དུ་འཁྱེར་འགྲོ་ཡི་ཡོད་ལ། རྟག་པར་སྤགས་ཟ་ཡི་ཡོད། སྤགས་ཀྱི་བྲོ་བ་དེ་ཧ་ལས་པའི་ཞིམ་པོ་འདུག སྤགས་ཟ་རྒྱུ་དེ་བོད་པའི་གོམས་གཤིས་སམ་འགྲོ་སྟངས་ཤིག་ཆགས་ཡོད་པས། དེ་ཡང་དོ་སྣང་བྱེད་དགོས་པ་ཞིག་ཡིན། ཤེས་སོང་ངམ། བཀྲ་ཤིས་བདེ་ལེགས། །