༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་ཞིང་ལས་ཚན་པ་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཟུང་སྦྲེལ་ཐོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༣ ནས་ ༠༥ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་བོད་མིའི་མཉམ་འབྲེལ་བཅོ་ལྔའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཉམ་འབྲེལ་གྱི་ཁྲིམས་སྒྲིག་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་རེད།
དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ས་གནས་མཉམ་འབྲེལ་སྟངས་འཛིན་བསྟི་གནས་ཁང་ (Regional Institute of Co-operative Management) གི་ངེས་སྟོན་པ་འབུམ་རམས་པ་ཨི་ལན་གྷོ་ཝན་ ( Elangovan) ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས། དེ་བཞིན་སྐུ་ཞབས་ན་ག་ར་ཇ་ཡ་ (Nagarajayya) ལགས་དང་། སུ་རེཤ་ (Suresh P.N) ལགས། བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་འདི་ནི་མཉམ་ལས་ཁག་སྟངས་འཛིན་དང་། མཉམ་ལས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱི་ནུས་རྩལ་གོང་འཕེལ་གཏོང་སླད་དམིགས་པ་ཞིག་ཡིན་ལ། དེའི་ཆེད་ཨ་རིའི་རོགས་ཚོགས་ (USAID) དང་། (NDI) རོགས་ཚོགས་གཉིས་ནས་མཐུན་འགྱུར་སྦྱར་ཡོད་པ་བཅས།།