༢༠༡༡ ཟླ་ ༡༡ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༩ ནས་ ༡༡ བར་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཇོ་ཧན་ནེ་སི་བྷག་ནང་རྒྱལ་སྤྱིའི་ཨུ་བྷུན་ཏོའི་ལྷན་ཚོགས་སུ་(Global Africa Ubuntu Conference)གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་བ་དེ་བཞིན་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་ཀྱིས་སྒྲོགས་སྦྱང་ཞུས་པའི་ནང་འཁོད་དོན། དེང་སྐབས་འཛམ་གླིང་གི་གནས་སྟངས་འོག་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཆགས་ཡོད། རྩོད་རྙོག་དང་འཇིགས་སྣང་སོགས་འཛམ་གླིང་ནང་གི་དཀའ་ངལ་མང་དག་ཅིག་ང་ཚོས་ཐུན་མོང་ཐོག་མྱོང་ཚོར་ཐུབ་པའི་གཅིག་གྱུར་གྱི་ཉམས་མྱོང་དེ་མ་རིག་མ་མཐོང་བའི་རྐྱེན་ལས་བྱུང་ཡོད། ཕྱིའི་རྣམ་པ་ཙམ་དུ་མི་འདྲ་བ་ཡོད་ཀྱང་གཞི་རྩའི་འགྲོ་བ་མི་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་པ་དེ་ང་ཚོས་སྣང་མེད་དུ་འཇོག་གི་ཡོད། གནའ་བོའི་དུས་སུ་ཚོགས་པ་ཕན་ཚུན་འབྲེལ་མེད་ཐ་དད་ཀྱི་འདུ་ཤེས་འཛིན་ཐོག་གཅིག་པུར་གནས་ཐུབ་ཀྱི་ཡོད་ཀྱང་། དེང་སྐབས་ས་གནས་གཅིག་ལ་བྱུང་བའི་དོན་རྐྱེན་དེའི་ཤུགས་རྐྱེན་གྱིས་ས་གནས་མང་པོར་དོ་ཕོག་ཡོང་བཞིན་ཡོད། ད་ཆ་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པའི་སྤྱི་ཚོགས་ཀྱི་གནས་སྟངས་གསར་པ་འདིའི་འོག་གཞན་གྱི་བདེ་དོན་ལ་བསམ་བློ་ཇི་ཙམ་བཏང་བ་དེས་རང་དོན་བསྒྲུབ་རྒྱུར་ཕན་ཐོགས་ཡོད་ཅེས་སོགས་ཀྱི་གསུང་འཕྲིན་སྩལ།
རྒྱལ་སྤྱིའི་ལྷན་ཚོགས་དེ་བཞིན་ཝན་ནེ་སི་ཨ་ཕི་རི་ཀ་(Oneness Africa)ཞེས་པའི་ཚོགས་པ་དེས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང། རྒྱལ་སྤྱིའི་མི་སྣ་ ༨༠༠ ཙམ་གྱིས་ལྷན་ཚོགས་དེར་མཉམ་ཞུགས་གནང་ཡོད། གཞན་ཡང་སྐབས་དེར་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་བཤད་མདོར་བསྡུས་ཤིག་གནང་བ་མ་ཟད། ལྷན་ཚོགས་སྐབས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམ་པས་འགྲོ་བ་མི་རྣམས་ཀྱིས་གཅིག་གྱུར་གྱི་བསམ་བློ་གཏོང་རྒྱུ་གལ་ཆེ་ཡིན་སྐོར་གྱི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་བཅས།།
༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཨུ་བྷུན་ཏོའི་ལྷན་ཚོགས་སུ་གསུང་འཕྲིན་སྩལ་བ།
གསར་གནས།
འབྲེལ་གནས།