༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ནང་ཁུལ་འཛིན་སྐྱོང་དང་འབྲེལ་བའི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། ཚོགས་འདུའི་ཐོག་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་དང་། དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་དང་བདེ་སྐྱིད་སྒྲོལ་དཀར་ལགས། ཚན་པ་སོ་སོའི་འགན་འཛིན་མཉམ་ཞུགས་གནང་ཡོད་པ་མ་ཟད། དེ་བཞིན་ས་གནས་འཕྲོད་བསྟེན་སྨན་ཁང་ཁག་གི་འགན་འཛིན་རྣམ་པ་དང་། མངོན་དགའ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ངེས་སྟོན་པ་བཅས་དྲྭ་ཐོག་མཉམ་ཞུགས་གནང་ཡོད་པ་རེད།
ཚོགས་འདུའི་ཐོག་འཛིན་སྐྱོང་དང་འབྲེལ་བའི་དཀའ་ངལ་མཚོན་པའི་སྨན་བཅོས་ལྟ་སྐྱོང་དང་འབྲེལ་བའི་དཀའ་ངལ་དང་། འདི་ལོའི་འཕྲོད་བསྟེན་དང་འབྲེལ་བའི་ལས་འཆར་སྐོར་བགྲོ་གླེང་གནང་ཡོད། སྐབས་དེར་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ས་གནས་འཕྲོད་བསྟེན་སྨན་ཁང་ཁག་གི་འགན་འཛིན་རྣམས་ནས་ས་གནས་སོ་སོར་དཀའ་ངལ་ཇི་ཡོད་སྦ་གསང་མེད་པར་གསུངས་པའི་ཐོག་དེ་འབྲེལ་དཀའ་སེལ་ཇི་ཡོད་ཐད་བསམ་ཚུལ་སྤུངས་དགོས་པའི་ལམ་སྟོན་གནང་། གཞན་ཡང་ཚོགས་འདུའི་ནང་སྔོན་རྩིས་དང་། བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ནད་གཞི་སྔོན་འགོག་དང་འབྲེལ་བའི་གནད་དོན་ཁག དེ་བཞིན་ལས་གཞི་ལག་བསྟར་ཞུ་སྐབས་ལམ་སྟོན་ཁག་བརྩི་སྲུང་དགོས་པའི་སྐོར་གླེང་སློང་གནང་ཡོད་པ་བཅས།།