༢༠༡༡ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཉི་ཧོང་གི་གསར་འགོད་པའི་ཆེད་དོན་དྲི་བར་བཀའ་ལན་མཛད་པ་དང། དེ་ནས་ཕྱི་ཚེས་ ༣༠ ཉིན་ཨོ་ས་ཀར་ཉི་ཧོང་དང་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་དང་བཀའ་སློབ་ཟབ་མོ་སྩལ་ཡོད་པ་མ་ཟད། མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་མཛད་ཡོད། ཕྱི་ཚེས་ ༣༡ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་དུ་རྟེན་གཞི་བྱས་པའི་ཀོ་ཡ་སན་གཙུག་ལག་སློབ་གྲྭ་བཙུགས་ཏེ་ལོ་ངོ་ ༡༢༥ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་ཉི་ཧོང་གི་དགེ་འདུན་པ་གཞོན་སྐྱེས་ཚོར་བཀའ་སློབ་དང་ཁོང་ཚོའི་དྲི་བར་བཀའ་ལན་ཡང་མཛད། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡ ཉིན་༸གོང་ས་མཆོག་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་གྱི་ཉེ་འགྲམ་དུ་གནས་གཟིགས་མཛད། ཕྱི་ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་༸གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་གཙུག་ལག་སློབ་ཁང་དུ་རྡོར་དབྱིངས་ཀྱི་བཀའ་དབང་སྩལ། ཕྱི་ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་གཙུག་ལག་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་ཉི་ཧོང་གི་ཚན་རིག་པ་དང་གསང་སྔགས་ཀྱི་ཆོས་ཉམས་ལེན་པ་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་ཡོད་པ་མ་ཟད། གསར་འགོད་ལྷན་ཚོགས་སུ་ཆིབས་སྒྱུར་གྱིས་གསར་འགོད་པའི་དྲི་བར་བཀའ་ལན་ཡང་སྩལ་ཡོད། ཕྱི་ཚེས་ ༥ ཉིན་ཉི་ཧོང་གི་ས་གནས་ཨི་ཤི་ནོ་མ་ཀིར་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆགས་ཕོག་མཁན་རྣམས་ལ་ཐུགས་སྨོན་དང་ཐུགས་གསོའི་བཀའ་སློབ་སྩལ། ཕྱི་ཚེས་ ༧ ཉིན་མགོན་པོ་གང་ཉིད་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་དང་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ལྷན་མཇལ་འཕྲད་མཛད་ཡོད་པ་སོགས་ཉི་ཧོང་ཁུལ་དུ་མཛད་འཕྲིན་རྒྱ་ཆེ་བསྐྱངས་གྲུབ་བསྟུན། སོག་པོའི་རྒྱལ་ས་ཨུ་ལན་བྷ་ཊོར་ནང་མང་ཚོགས་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་དང་བཀའ་དབང། དེ་བཞིན་བཀའ་སློབ་ཟབ་མོ་སྩལ། ཕྱོགས་མཚུངས་སྐབས་དེར་ཐུ་ཝ་ནང་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་དང་ལྷན་མཇལ་འཕྲད་མཛད་དེ་སོག་པོ་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་རྒྱ་གར་ལ་ཆིབས་ཞལ་བསྒྱུར།
ཕྱི་ཟླ་ ༡༡ ཚེས་ ༡༣ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་དང་། གཞུང་ལམ་གཡས་གཡོན་དུ་དད་ལྡན་མི་མང་བརྒྱ་ཕྲག་མང་པོས་གདུག་སྤོས་དང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དང་སོག་པོའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།