༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༣ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཞོ་སྟོན་རྒྱས་པ་ཐེངས་ ༢༦ པ་གོ་སྒྲིག་སྣེ་ཁྲིད་ཀྱི་གོ་སྐབས་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཁག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་གྱི་ཡ་གྱལ་དུ་གཏོགས་པའི་ལོ་རྒྱུས་དོན་སྙིང་ལྡན་པའི་ལྷ་གཞུང་རྒྱལ་བཟའ་བལ་བཟའ་དང་། ཡུལ་ལུང་ཁག་གི་གནའ་བོའི་རིག་གཞུང་བཟང་པོ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད། རང་རིགས་གཞོན་སྐྱེས་ཚོར་རྒྱུད་སྤྲོད་དམིགས་ཡུལ་གཙོ་བཟུང་ཐོག་རིག་གཞུང་སྐོར་བསྐྱོད་འཁྲབ་སྟོན་ལས་རིམ་ཐོག་མཐའ་བར་གསུམ་ལེགས་གྲུབ་རྗེས་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀ་ན་ཀྲ་ཀའི་རྒྱལ་ས་སྦེང་ལོར་བརྒྱུད་རྡ་སར་མ་ཐོན་གོང་སྦེང་ལོར་ལྷོ་སྤྱི་དང་། རྒྱ་གར་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྦེང་ལོར་ཁུལ་གནས་སྡོད་བོད་རིགས་ཡོངས་ནས་རེ་འདུན་ལྟར་བོད་ཀྱི་ཟློས་གར་ཚོགས་པ་ནས་ལས་རིམ་གཏན་འབེབས་བཞིན་སྦེང་ལོར་རྒྱལ་ས་དེ་དག་བཙན་བྱོལ་བོད་མིའི་གནས་སྡོད་བྱེད་སའི་མངའ་སྡེའི་རྒྱལ་ས་བལྟི་གནས་ཞིག་དང་དེའི་ཁུལ་མངའ་གཞུང་གི་དཔོན་རིགས་མང་དག་ཅིག་དང་ཡུལ་མི་མང་པོ་ཞིག་བོད་དོན་ཐོག་སྔ་རྗེས་བར་གསུམ་ལ་ཚད་མཐོའི་རྒྱབ་སྐྱོར་གནང་མཁན་སོང་ཁོང་ཚོར་ང་ཚོའི་བོད་ཀྱི་ཐུན་མོང་མི་ཡིན་པའི་རིག་གཞུང་བཟང་པོ་དེ་དག་འདས་པའི་མི་ལོ་ ༦༣ རིང་བཙན་བྱོལ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། སྒོས་སུ་རྒྱ་གར་དབུས་ས་གཉིས་དང་རྒྱལ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་སོར་གནས་ཐུབ་པ་བྱུང་ཡོད་པར་སོང་བཀའ་དྲིན་རྗེས་དྲན་ཚུལ་དུ་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཆེད་སྙན་གྲགས་ཆེ་བའི་ (Prabath Kalawarda Theatrical Auditorium) ནང་ཕྱི་དྲོ་ཆུ་ཚོད ༦།༣༠ ནས་འགོ་འཛུགས་ཀྱིས་མགྲོན་གྱི་གཙོ་བོ་ (Shri. Kapil Mohan, IAS and additional chief secretary, Department of enegery and tourism) དང་ (Dr. K.J. Purushotham and Shri. Shandra Kumar) ལགས། གཞན་ཡང་རྒྱ་གར་གནད་ཡོད་མི་སྣ་ ༣༠ ཙམ་ཆེད་ཕེབས་དང་རྒྱ་གར་དང་བོད་རིགས་སློབ་ཕྲུག་ཁྱོན་བསྡོམས་གྲངས་ ༤༥༠ ལྷག་ཙམ་མཉམ་ཞུགས་གནང་ཡོད།གཞི་རྩའི་ཚོགས་ཁང་གི་གཤོང་ཚད་མི་གྲངས་ ༣༩༥ ལས་མེད་ནའང་ཚོགས་ཁང་ཆ་ཚང་ཁེངས་ནས་གཡས་གཡོན་གྱི་སྐས་འཛེགས་སྒང་ལ་བསྡད་ནས་གཟིམས་མོར་མཉམ་ཞུགས་གནང་སོང་། ད་རེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ཕྱོགས་བསྐྱོད་འཁྲབ་སྟོན་གྱི་ལས་རིམ་དེ་དག་གཅིག་རྗེས་གཉིས་མཐུད་ཐོག་འཁྲབ་སྟོན་ཞུ་དགོས་པར་བརྟེན་སྒྱུ་རྩལ་བ་རྣམས་ལ་ངལ་གསོ་དེ་ཙམ་མེད་ནའང་ཡང་སེ་སྐོར་བསྐྱོད་ཡོང་རྒྱུར་གང་ཅིའི་གནས་སྟངས་ཐོག་ཁག་པོ་སོང་ཙང་གོ་སྐབས་བཟུང་སྟེ་དགེ་ལས་དང་སྒྱུ་རྩལ་བ་ཡོངས་ནས་རིག་པ་འགྲིམས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ཉིན་མཐའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་སླད་ཚང་མས་ཕྱག་གྲུ་མཉམ་འདེགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་བཟང་པོ་དེ་དག་རྒྱ་གར་གནད་ཡོད་སྐུ་མགྲོན་དང་རྒྱ་ཆེའི་གཟིགས་མོ་བ་རྣམས་ལ་འཁྲབ་སྟོན་མ་ཞུས་གོང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་འཚམས་འདྲི་དང་ངོ་སྤྲོད་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས་སྦེང་ལོར་ལྷོ་སྤྱི་ནས་གསུང་བཤད་གནང་མཚམས་ཆུ་ཚོད་ ༢ རིང་རིག་གཞུང་འཁྲབ་སྟོན་ཞུས་སྐབས་རྒྱ་ཆེའི་གཟིགས་མོ་བ་རྣམས་ཡིད་དབང་འཕྲོག་སྟེ་ཚང་མས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་འདས་པའི་ལོ་ངོ་ ༦༣ རིང་སྐུ་ལས་ཚད་མེད་བསྐྱོན་ནས་བོད་ཀྱི་གནའ་བོའི་རིག་གཞུང་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་གང་ལེགས་གནང་བར་ཚང་མས་ཡིད་རང་བསྔགས་བརྗོད་དང་། རྒྱ་གར་བའི་སྐུ་མགྲོན་དང་སྒོས་སུ་གཞོན་སྐྱེས་མང་པོ་ཞིག་ནས་བོད་ལ་དེ་འདྲའི་རིག་གཞུང་གཏིང་ཟབ་དང་ཕྱུག་པོ་ཡོད་པ་དེ་དག་སྒྱུ་རྩལ་ལམ་ནས་ངོ་སྤྲོད་དངོས་སུ་ལྟད་མོ་བལྟ་རྒྱུ་བྱུང་བ་ནི་ཐོག་མ་ཡིན་པར་སོང་ཚང་མས་དགའ་སྤོབས་དང་གདེང་ཚོད་ཆེན་པོ་གནང་བ་མ་ཟད། ད་རེས་འཁྲབ་སྟོན་དེ་དག་རིན་མེད་ཐོག་བརྒྱུད་བསྒྲགས་འཁྲབ་སྟོན་ཞུས་ཡོད་ནའང་མང་ཚོགས་ནས་དགའ་མོས་ཆེན་པའི་ངང་ཞལ་འདེབས་ཡང་རྒྱ་མི་ཆུང་ཞིག་གནང་སོང་བར་ཚང་མས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་རིང་ཚོགས་ཁང་གི་སྦྱིན་བདག་སྐུ་ཞབས་ (K.J. purshtham) ལགས་ཀྱིས་གནང་བར་བོད་ཀྱི་ཟློས་གར་ཚོགས་པ་ནས་ཁོང་ལ་ལེགས་གསོལ་མཇལ་དར་དང་གཏོང་མིན་དྲན་རྟེན་ཕྱག་རྟགས་འབུལ།
དེ་བཞིན་ཚོགས་ཁང་ནང་པར་རིས་འགྲེམས་སྤེལ་དང་མགྲོན་ཤོག་དཔར་བསྐྲུན་སོགས་ཀྱི་སྦྱིན་བདག་བོད་རིགས་ཚོང་པ་ཟླ་བ་ལགས་ཀྱིས་གནང་བར་རྗེས་སུ་ཡི་རངས་དང་ལེགས་གསོལ་མཇལ་དར། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་ས་གནས་སུ་གནས་སྡོད་རིང་བཞུགས་གནས་རིན་མེད་མཐུན་འགྱུར་གནང་མཁན་བོད་ཀྱི་སློབ་ཕྲུག་སྡོད་ཁང་གི་འགན་འཛིན་དང་། གཞན་ཡང་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སོགས་ཀྱི་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་གཏོང་མིན་ཕྱག་རྟགས་ཆུང་ཆུང་རེ་བོད་ཀྱི་ཟློས་གར་ཚོགས་པ་ནས་ཕུལ།
འཁྲབ་སྟོན་ལས་རིམ་མཐའ་མཇུག་མ་གྲུབ་གོང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱ་གར་ལྷོ་ཕྱོགས་སྡེ་ཚན་གྱི་སྤྱི་ཁྱབ་དྲུང་ཆེ་ (Shri. Naranjan) ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་རྗེས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བོད་ཀྱི་ཟློས་གར་ཚོགས་པའི་དགེ་ལས་སྒྱུ་རྩལ་བ་ཡོངས་ལ་ལེགས་གསོལ་མཇལ་དར་དགོང་ཚོགས་ཀྱི་སྐུ་མགྲོན་སྐུ་ཞབས་ (Shanda Kumar) ལགས་ཀྱིས་གནང་རྗེས་བོད་རྒྱ་གཉིས་ཀྱི་རྒྱལ་གླུ་འབུལ་རྗེས་འཁྲབ་སྟོན་ལས་རིམ་རྒྱལ་ཁའི་ངང་གྲོལ་སོང་བར་བརྟེན་གཟིགས་མོ་བ་ཚང་མས་འདི་ལྟ་བུའི་འཁྲབ་སྟོན་ད་བར་ས་གནས་སུ་གནང་མྱོང་མེད་པ་ཞིག་ད་རེས་དངོས་སུ་ལྟད་མོ་བལྟ་རྒྱུ་བྱུང་བ་ནི་སྐལ་བ་བཟང་པོ་ཡིན་ལ་མ་འོངས་པར་ཡང་མུ་མཐུད་དེ་ལྟ་བུའི་སྐོར་བསྐྱོད་འཁྲབ་སྟོན་ཡང་སེ་གནང་ཐུབ་པའི་རེ་བ་ཞུ་བཞིན་འདུག་པ་ལགས་ན། གང་ལྟར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་སྐོར་བསྐྱོད་འཁྲབ་སྟོན་ལས་རིམ་མཐའ་དག་བར་ཆད་མེད་པར་ཚང་མ་ལེགས་གྲུབ་ངང་མཇུག་སྒྲིལ་ཐུབ་པ་ནི་གཙོ་ཆེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ཡིན་པར་སོང་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་ང་ཚོ་བོད་རིགས་རྩམ་ཟན་ཡོངས་ཀྱི་འགན་ཁུར་ཆགས་ཡོད་པ་བཅས། །