༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨིན་ཡུལ་དུ་ཕེབས་འབྱོར་སྐབས་ཨིན་ཡུལ་སྐུ་ཚབ་དོན་གཙོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། གདན་ས་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་རིན་པོ་ཆེ་མཆོག ཨིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ། ས་གནས་བོད་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༤ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་གཙོའི་འདུན་ས་ (TDF) རུ། རྒྱ་ནག་གིས་བོད་ཐོག་མི་ལོ་ ༧༢ དབང་བསྒྱུར་བྱས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་གི་ཡོད་ཅིང་། འདུ་འཛོམས་དེའི་གཙོ་སྐྱོང་རྩོམ་པ་པོ་དང་བྷི་བྷི་སིའི་གསར་འགོད་པ་ཟུར་པ་ཧེམ་པི་རི་ (Humphrey Hawksley) ལགས་ཀྱིས་གནང་བའི་ཐོག་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཀྲྀ་སི་ལོ་ (Chris Law) ལགས། ཨིས་ཀོ་ཊིའི་ཧི་མ་ལ་ཡ་ཉམས་ཞིབ་ལྟེ་གནས་ཁང་གི་ངེས་སྟོན་པ་མར་ཊིན་མིལ་ (Martin Mills) ལགས། ཝེས་མིན་ཊར་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་དིབ་ཡེཤ་ཨཱ་ནནྡ་ (Dibyesh Anand) ལགས། མང་གཙོའི་འདུན་སའི་ཚོགས་གཙོ་བྷེ་རི་གར་ཊི་ནར་ (Barry Gardiner) ལགས་བཅས་ལྷན་ཞུགས་གནང་གི་ཡོད།ཐེངས་འདིའི་ཕྱོགས་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིས་ཀོཊ་ལནྡ་རུ་གཞུང་གི་མཐོ་རིམ་མི་སྣ་དང་། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ། གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཀྱི་ལས་དོན་ཚོགས་ཆུང་གི་ཚོགས་མི་སོགས་དང་མཇལ་འཕྲད་གནང་གཏན་ཁེལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༥ ཉིན་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཨིན་ཡུལ་གྲོས་ཚོགས་སུ་གསུང་བཤད་གནང་རྒྱུ་ཡིན་པ་རེད།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཝེས་མིན་ཊར་གཙུག་ལག་སློབ་གཉེར་ཁང་ (Westminster University) དང་། ཕྱི་ཚེས་ ༢༧ ཉིན་ཨེ་ཤི་ཡ་ཨིས་ཀོཊ་ལནྜ་བསྟི་གནས་ཁང་ (Asia Scotland Institute) དང་ཨཱ་བྷིར་ཊིན་གཙུག་ལག་སློབ་གཉེར་ཁང་ (Aberdeen University) བཅས་སུ་གསུང་བཤད་གནང་གཏན་ཁེལ་ཡོད། དེ་དང་ཆབས་ཅིག་ཁོང་གིས་གཞུང་ཁོངས་མིན་པའི་ཚོགས་པ་དང་། བསམ་མཛོད་བསྟི་གནས་ཁང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ནང་པའི་ཆོས་ཚོགས། གསར་འགོད་པ། བོད་རིགས་མི་མང་བཅས་ལ་གསུང་བཤད་གནང་རྒྱུ་ཡིན་པ་རེད།
ཐེངས་འདིའི་ཕྱོགས་ཕེབས་དེ་བཞིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས་ཨིན་ཡུལ་ཕེབས་ཐེངས་གཉིས་པ་ཆགས་ཡོད་པ་བཅས།།