༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༢ ཉིན་ནས་འགོ་བཙུགས་ཏེ་ཕྱི་ཚེས་ ༡༣ བར་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་དང་ས་གནས་འགོ་འཛིན་གསར་པ་ཕུར་བུ་ཚེ་རིང་ལགས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་དང་། སྐབས་དེར་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྦིར་ས་གནས་འགོ་འཛིན་ཀརྨ་རྣམ་རྒྱལ་ལགས་ཀྱིས་སྤྲོད་དཔང་གནང་ཡོད།དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༢ ཉིན་གྱི་སྔ་དྲོ་སྤྲོད་དཔང་སྦིར་ས་གནས་འགོ་འཛིན་ཀརྨ་རྣམ་རྒྱལ་ལགས་ཀྱི་མདུན་དུ་ས་གནས་འགོ་འཛིན་གསར་རྙིང་བར་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཡིག་ཆ་ཁག་དང་འཛིན་ཆས་ཁག་རེ་རེ་བཞིན་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་ལེགས་པར་མཇུག་སྒྲིལ་གནང་རྗེས་ཉིན་རྒྱབ་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་ས་གནས་འགོ་འཛིན་གསར་པ་ཕུར་བུ་ཚེ་རིང་ལགས་ལ་ས་གནས་ཀྱི་རྫོང་དཔོན་གཞོན་པ་ཨ་ནིལ་ཀུ་མར་བྷར་ཌི་ཝཇ་ (Anil Kumar Bhardwaj) ལགས་ཀྱིས་གཙོས་ས་གནས་ཀྱི་གནད་ཡོད་མི་སྣ་དང་། ཌལ་ཧོར་མི་མང་སློབ་གྲྭའི་ (Dalhousie Public School) སློབ་སྤྱི་དང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ངྷི་ལོན་ (Dr. G.S. Dhillon) ལགས་སོགས་ངོ་སྤྲོད་གནང་བ་དང་འབྲེལ་ལས་གཞི་གསར་པ་དང་གཞིས་ཆགས་ཀྱི་ས་མཚམས་སྐོར་ངོ་སྤྲོད་གནང་ཡོད།ཕྱི་ཚེས་ ༡༣ ཉིན་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་པའི་ཚོགས་གཙོ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་འདུ་འཛོམས་ཐོག་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་ས་གནས་འགོ་འཛིན་གསར་རྙིང་གཉིས་དང་སྤྲོད་དཔང་བཅས་ནས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།