༢༠༡༡ ཟླ་ ༡༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་རྒྱལ་ས་ཨུ་ལན་བྷ་དུར་ཉེ་འཁྲིས་སུ་ཡོད་པའི་(Buyant Ukhaa)ཞེས་པའི་རྩེད་ཐང་ཆེན་མོར་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་༸ཞབས་སོར་འཁོད་དེ་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྒྲུབ་ཞག་སྔོན་དུ་གཏོང་མཛད། དེ་རྗེས་ཐུ་ཝ་བ་ནང་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་མཇལ་ཞུར་བཅར་ཡོད་པ་རྣམས་དང་མཇལ་འཕྲད་ཀྱིས་གསུང་མོལ་མཛད་ཡོད་པ་དང་དེ་བཞིན་སོག་པོའི་དད་ལྡན་མང་ཚོགས་ ༡༥༠༠༠ བརྒལ་བར་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༢ བར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་དང་ཚེ་དབང་། དེ་བཞིན་སྐྱབས་འགྲོ་བསླབ་བྱ་སེམས་བསྐྱེད་དང་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་མཛད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་བྱང་ཆུབ་སེམས་སྒོམ་རྒྱུ་དེ་མི་ལུས་ཀྱི་སྙིང་པོ་ཡིན་སྐོར་བཀའ་སློབ་སྩལ་དོན། མི་ལུས་ཐོབ་པའི་ཉམས་ལེན་མཐར་ཐུག་དེ་བྱང་ཆུབ་སེམས་སྒོམ་རྒྱུ་ཡིན། བཀའ་གདམས་གོང་མ་ཚོས་བྱང་ཆུབ་ཀྱི་སེམས་འབད་བརྩོན་ཡོད་རྒུ་རྩལ་སྤྲུག་བྱས་ནས་སྒོམ་དགོས། བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་བསྐྱེད་ཀྱང་ཚོགས་གསོག་སྡིག་སྒྲིབ་སོགས་བྱང་གི་ཡོད་ཅེས་གསུང་གི་ཡོད། དེར་བརྟེན་བྱང་ཆུབ་སེམས་སྒོམ་པ་ལས་ལྷག་པའི་ཉམས་ལེན་ཞིག་མེད། ངོས་རང་ལ་ཆ་བཞག་ནའང་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཉིན་རེ་བཞིན་གང་ཐུབ་ཀྱིས་བསམ་བློ་གཏོང་བཞིན་ཡོད་པས། སེམས་སྐྱིད་པ་ལུས་བདེ་བ་ཧ་ཅང་ཕན་ཐོགས་ཡོང་གི་འདུག དེ་ལྟ་བུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་མཐོང་བའི་ཐོག་ནས་བདག་གིས་ཀྱང་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཅི་ནས་ཀྱང་སྒྲུབ་ཀྱི་ཡིན་བསམ་པའི་བློ་ཞིག་བསྐྱེད་དགོས་ཞེས་བཀའ་སློབ་སྩལ་ཡོད། ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་མཇུག་སྒྲིལ་སྐབས་སུ་སོག་པོ་སྤྱི་དང་ཡང་སྒོས་ཡུལ་པ་ཚོས་ནང་ཆོས་ལ་སློབ་གཉེར་བྱེད་དགོས་སྐོར་བཀའ་སློབ་སྩལ་དོན། ད་ལྟ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་ལེགས་པར་གྲུབ་པ་རེད། འདི་གར་ཉིན་གསུམ་རིང་བཀའ་ཆོས་བྱེད་སྐབས་ཁྱེད་རང་ཚོས་དོན་གཉེར་ཆེན་པོའི་ཐོག་ནས་ཧ་ཅང་ཡག་པོ་ཉན་གྱི་འདུག་པས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱིན་རླབས་གནང་སྟེ་བྲོ་བ་འཐོན་རྒྱུ་ཡོད། འོན་ཀྱང་སངས་རྒྱས་པའི་ཆོས་ཀྱིས་དེ་ལྟར་གསུང་གི་མེད། སངས་རྒྱས་བཅོམ་ལྡན་འདས་ཁོང་རང་སློབ་སྟོན་གནང་མཁན་ཡིན། གཙོ་བོ་རང་ཉིད་ལ་ཐུག་ཡོད་སྟབས། བདག་ཉིད་བདག་གིས་མགོན་ཡིན་ཞེས་གསུངས་ཡོད། ངས་ནི་ཁྱེད་ལ་མཐར་པའི་ལམ་བསྟན་གྱིས། །མཐར་པ་རང་ལ་རག་ལས་ཤེས་པར་གྱིས། ཞེས་གསུངས་ཡོད། དེ་བཞིན་རྗེ་རིན་པོ་ཆེས་ཀྱང་། དང་པོ་རྒྱ་ཆེར་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། མཐའ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླང། །ཀུན་ཀྱང་བསྟན་པ་རྒྱས་པས་ཆེད་དུ་བསྔོ་ཞེས་གསུངས་ཡོད། ཐོས་བསམ་སྒོམ་པ་ཆ་ཚང་ཡོད་པ་ཞིག་ཆགས་ཡོད། དེང་གི་ཆར་གཞི་ནས་བསྐྱར་གསོ་བྱེད་ཀྱི་ཡོད་པ་རེད། གང་ལྟར་ཡུལ་པ་ཚོས་ཀྱང་། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བརྩོན། །ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག་གསུངས་པ་ལྟར། སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ཉིན་གྲངས་གསུམ་གྱི་ཆོས་འབྲེལ་ཡོངས་སུ་ལེགས་གྲུབ་མཛད་ཡོད།
ཕྱེད་ཡོལ་༸གོང་ས་མཆོག་གིས་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་གྱི་སྤྱན་རས་གཟིགས་ལྷ་ཁང་དུ་གནས་གཟིགས་མཛད་རྗེས་དགའ་ལྡན་ཐེག་ཆེན་གླིང་གི་མངའ་འོག་ཏུ་ཡོད་པའི་མདོ་སྔགས་ཐེག་ཆེན་གླིང་གི་འདུ་ཁང་གསར་པ་དབུ་འབྱེད་བཀྲིན་ཆེ་བ་བསྐྱངས་ཏེ་སོག་པོའི་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་གི་མཁན་པོ་དང་སློབ་དཔོན། དགེ་འདུན་པ་ ༡༥༠ ཙམ་འཛོམས་ཡོད་པ་རྣམས་ལ་ལམ་སྟོན་བཀའ་སློབ་ཕེབས་པའི་ནང་། མདོ་སྔགས་ཀྱི་ཉམས་ལེན་ཙམ་མིན་པར་ལྷག་པར་དཔལ་ནཱ་ལེནྡྲའི་ལྟ་གྲུབ་དེ་དག་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་པ། དེ་བཞིན་རྒྱ་གར་ནང་ཡོད་པའི་བརྒྱུད་སྟོད་སྨད་དང་རྣམ་རྒྱལ་གྲྭ་ཚང་སོགས་སྔགས་པར་གྲྭ་ཚང་ཡིན་ནའང། ཕྱིས་སུ་རིགས་ལམ་སློབ་ཁྲིད་བྱེད་དགོས་ཀྱི་འདུག་ཅེས་བསམ་འཆར་བཏོན་པ་བཞིན་སློབ་ཁྲིད་བྱེད་རྒྱུ་འགོ་བཙུགས་ཡོད་སྐོར། ཕྱོགས་མཚུངས་སོག་པོའི་གསང་སྔགས་ཀྱི་གྲྭ་ཚང་འདིའི་ནང་དུའང་རིགས་ལམ་སློབ་ཁྲིད་འགོ་འཛུགས་དགོས་པའི་བཀའ་སློབ་སྩལ་ཡོད། དེ་རྗེས་༸གོང་ས་མཆོག་རྗེ་བཙུན་དམ་པ་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད། དེ་ནས་ཁུལ་དེར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་དགེ་བཤེས་གཅིག་ལོ་བཅུ་ལྷག་སོག་ཡུལ་དུ་ནང་དོན་རིག་པ་སློབ་ཁྲིད་གནང་ཆེད་ཕེབས་ཏེ་ཁོང་གིས་ཆེད་མངག་ཏཱ་རེ་མ་ནང་པའི་ཆོས་ཚོགས་ཤིག་བཙུགས་པ་དེར་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་སྩལ་ཡོད། ཐེངས་འདིའི་༸གོང་ས་མཆོག་གི་སོག་ཡུལ་དུ་ཉིན་གསུམ་རིང་གི་མཛད་འཕྲིན་ཁག་དཀའ་རྙོག་གང་ཡང་མེད་པའི་ཐོག་ཚད་ཚུགས་ངང་ནས་ཡོངས་སུ་ལེགས་གྲུབ་བྱུང་ཡོད་ལ། སོག་པོའི་དད་ལྡན་མི་མང་རྣམས་ཀྱི་དད་སེམས་ནི་བརྗོད་པར་དཀའ་བ་ཞིག་ཡིན་འདུག དེ་བཞིན་ཉིན་མཐའ་མའི་བཀའ་དབང་སྐབས་རྩེད་ཐང་གི་ཚོགས་ཁང་ནང་མི་གྲངས་ ༡༥༠༠༠ བཅར་ཡོད་པ་མ་ཟད། ད་དུང་དེའི་ནང་མ་ཤོང་བའི་མི་མང་སྟོང་ཕྲག་འགའ་ཞིག་ཕྱི་ལོགས་སུ་སྡོད་དགོས་བྱུང་བ་སོགས་གང་ལྟར་སོག་པོའི་དད་ལྡན་མི་མང་རྣམས་ལ་སྐལ་བཟང་གི་གོ་སྐབས་ཐོབ་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་མི་མང་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་བ།
གསར་གནས།
འབྲེལ་གནས།