༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༨ ཉིན་གྱི་སྔ་དྲོ་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་དང་འཕྲོད་བསྟེན་ཆེད་དུ་རྒྱང་རྒྱུག་འགྲན་བསྡུར་ཞིག་གོ་སྒྲིག་གནང་ཡོད། རྒྱང་རྒྱུག་འགྲན་བསྡུར་གྱི་དམིགས་ཡུལ་གཙོ་བོ་ནི་ཉིན་རེའི་འཚོ་བའི་ནང་ནད་རིགས་སྔོན་འགོག་སླད་ལུས་སྦྱོང་གནང་དགོས་པའི་གལ་གནད་སྐོར་གོ་རྟོགས་སྤེལ་ཆེད་ཡིན། འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོ་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་དང་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ཟུང་དྲུང་བདེ་སྐྱིད་སྒྲོལ་དཀར་ལགས་བཅས་མཉམ་ཞུགས་གནང་ཡོད།དེ་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་ཤེས་ཡོན་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་འབྲེལ་ཨ་རིའི་རོགས་ཚོགས་ (USAID ) དང་། བོད་ཀྱི་ཐེབས་རྩ། རྡ་ས་ས་གནས་འགོ་འཛིན་ལས་ཁུངས། བདེ་ལེགས་སྨན་ཁང་བཅས་ནས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། རྒྱང་རྒྱུག་འགྲན་བསྡུར་ནང་ཕོ་ ༧༡ དང་བུ་མོ་ ༣༠ མཉམ་ཞུགས་གནང་བའི་ཁྲོད་ནས་ཨུ་རུ་སུ་ནས་ཡིན་པའི་ཨིབ་གེ་ནི་ (Evgenii) ལགས་ལ་ཨང་དང་པོ་དང་། སློབ་ཕྲུག་བློ་བཟང་བསྟན་རྒྱལ་ལགས་ལ་ཨང་གཉིས་པ། རྒྱ་གར་བ་སཱ་ཧིལ་ཀུ་མར་ (Sahil Kumar) ལགས་ལ་ཨང་གསུམ་པའི་བྱ་དགའ་ཐོབ་ཡོད་པ་དང་། རྒྱང་རྒྱུག་གནང་མཁན་ལོ་ན་ཆུང་ཤོས་བྱམས་ཆེན་རྡོ་རྗེ་ལགས་ (ལོ་ ༡༣) དང་ལོ་ན་རྒན་ཤོས་ཕུར་བུ་ཚེ་རིང་ལགས་ ( ལོ་ ༥༥) ལ་བྱ་དགའ་ཐོབ་ཡོད། རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་དང་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་རྒྱང་རྒྱུག་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་རྣམས་ལ་བྱ་དགའ་གནང་ཡོད། དེ་བཞིན་སྦིར་དང་། ཨོ་ཊི་ཤ་ཕུན་ཚོགས་གླིང་། ཧར་པ་སྤུར། སྦན་ད་ར་ནོར་རྒྱས་གླིང་། ཧོན་སུར་རབ་རྒྱས་གླིང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་བཅས་སུ་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་དང་འཕྲོད་བསྟེན་ཆེད་དུ་རྒྱང་རྒྱུག་འགྲན་བསྡུར་ཞིག་གོ་སྒྲིག་གནང་ཡོད། གཞན་ཡང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ་རྐང་སྤོལ་རྩེད་འགྲན་དང་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་གནང་ཡོད།
ཕྱི་ཚེས་ ༧ ཉིན་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཆེད་དོན་མི་སྣའི་བགྲོ་གླེང༌ཞིག་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ཟས་བཅུད་ཆེད་མཁས་པ་མཱ་རི་ཡ་ (Dr. Bianca-Maria) ལགས་མགྲོན་འབོད་གནང་ཡོད་པ་བཅས།།