༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༣༡ ཉིན་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་ལྷོ་ཕྱོགས་འབྲེལ་མཐུད་པ་ཨམྲཏ་ཇོ་ཤི་ལགས་གཉིས་རྒྱ་གར་ལྷོ་ཕྱོགས་ཨོ་ཊིར་གནས་སྡོད་བོད་མི་སུད་ཚོང་བའི་དཀའ་སེལ་སླད་ཆེད་ཕེབས་གནང་ཡོད།
དེ་ཡང་སྐུ་ཚབ་རྣམ་པས་བར་འདུམ་གནང་ཐོག་ཕྱོགས་གཉིས་བར་བོགས་གཏོང་གན་རྒྱ་གསར་པ་ཞིག་བཟོས་པའི་ཐོག་ཨོ་ཊི་ས་གནས་ཀྱི་ཁྲལ་འབབ་འགན་འཛིན་གཞོན་པ་དང་། བོད་མི་སུད་ཚོང་ཚོགས་པའི་འགན་འཛིན་བསྟན་པ་དར་རྒྱས་ལགས། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ལས་རིན་ཆེན་དབང་གྲགས་ལགས་བཅས་ཀྱི་མདུན་དུ་གན་རྒྱའི་སྟེང་མཚན་རྟགས་བཀོད་ཡོད་པ་རེད། སྤྱིར་བཙན་བྱོལ་བོད་མི་བརྒྱ་ཆ་བཞི་བཅུ་ཙམ་གྱི་འཚོ་བ་སུད་ཚོང་ལ་བརྟེན་ཡོད་པ་ལྟར་ཨོ་ཊི་གནས་སྡོད་བོད་མི་སུང་ཚོང་བ་རྣམས་ཕྱི་ལོ་ ༡༩༨༨ ཟླ་བ་ ༡༠ ཚེས་ ༢༡ ནས་བཟུང་ས་གནས་དེར་གནས་བཅས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོར་ཨོ་ཊིའི་ (Breeks All India Secondary School Management Committee) དང་། སུད་ཚོང་བའི་སྐུ་ཚབ་ལྷོ་སྤྱི་ལས་ཁུངས་བར་བོགས་གཏོང་གན་རྒྱ་བཞག་ཐོག་ཚོང་ཁང་རེའི་ཉིན་རེའི་གླ་ཡོན་ཧིན་སྒོར་བཅུ་རེ་དང་། ལོ་རེའི་མཚམས་སུ་ཁང་གླར་བརྒྱ་ཆ་བཅུ་སྤར་ཆ་ཆོག་པའི་ཆ་རྐྱེན་བཞག་ཡོད། འོན་ཀྱང་རིམ་པས་གན་རྒྱའི་ཆ་རྐྱེན་དང་བརྒལ་ཏེ་ཚོང་ཁང་གི་གླ་ཡོན་ཤུགས་ཆེ་སྤར་བ་ལ་བརྟེན་ནས་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་དཀའ་ངལ་རིམ་པ་འཕྲད་ཡོད་སྟབས། དེ་འབྲེལ་དཀའ་སེལ་སླད་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ལྷོ་སྤྱི། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། དེ་བཞིན་བོད་མི་སུད་ཚོང་བ་རྣམས་ནས་ས་གནས་ཀྱི་ལས་ཁུངས་སུ་ཞུ་གཏུག་བསྟུད་མར་གནང་འབྲས་སུ་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༣༡ ཉིན་བོགས་གཏོང་གན་རྒྱ་གསར་པ་བཟོ་ཐུབ་པ་བྱུང་ཞིང་། བོགས་གཏོང་གན་རྒྱ་གསར་པ་དེའི་ནང་ཚོང་ཁང་རེའི་ཉིན་རེའི་ཁང་གླ་ཧིན་སྒོར་བརྒྱ་རེ་དང་། ལོ་རེའི་མཚམས་སུ་ཁང་གླ་བརྒྱ་ཆ་བཅུ་སྤར་ཆ་ཞུ་ཆོག་པའི་ཆ་རྐྱེན་བཞག་ཡོད་པ་བཅས།།