༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢༨ ཉིན་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་བསྟི་གནས་ཁང་གི་ཐོག་ཁང་དུ་སེ་སྒར་བཙུན་མའི་སྣེ་ཁྲིད་ཟབ་སྦྱོང་གི་སློབ་ཐོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་མགྲོན་འབོད་ཞུས་པ་བཞིན་ཕེབས་བཅར་གྱིས་སློབ་ཐོན་བཙུན་མ་རྣམས་ལ་ལས་གཞིའི་གལ་གནད་དང་། སློབ་ཐོན་པ་རྣམས་ལ་ཟབ་སྦྱོང་དང་འབྲེལ་ནས་ཟབ་སྦྱོང་བའི་འགན་འཁྲི་སོགས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་གནང་ཡོད།སྤྱིར་སེ་སྒར་བཙུན་མའི་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་འདི་ནི་བོད་ཀྱི་དཔེ་མཛོད་ཁང་གི་ནང་པའི་དགེ་འདུན་ཕོ་མོ་རྣམས་ལ་ལོ་ངོ་བཅུ་ཕྲག་གཉིས་ལྷག་ཚན་རིག་སློབ་ཁྲིད་དང་ཟབ་སྦྱོང་ཕུལ་བའི་ལས་གཞི་མང་པོའི་ནང་ནས་གཅིག་ཡིན། ལས་གཞི་འདི་ཕྱི་ལོ་ ༢༠༡༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་གཞིར་བཟུང་འགོ་བཙུགས་པ་དང་། ཟབ་སྦྱོང་གི་དུས་ཡུན་ལོ་གསུམ་ཡིན། ལོ་རེར་ཐེངས་གཉིས་བསྐོང་ཚོགས་ཀྱིས་འཛོམས་ཐེངས་རེེར་བདུན་གསུམ་རིང་སློབ་ཁྲིད་གནང་མུས་སུ་ཡོད། ད་ལན་གྱི་ཟབ་སྦྱོང་འདི་བཙུན་མའི་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་གི་རུ་ཁག་དང་པོའི་ཚོགས་ཐེངས་མཐའ་མ་དེ་ཆགས་ཡོད།
ལས་གཞི་འདིར་མཉམ་ཞུགས་གནང་མཁན་བཙུན་དགོན་དགེ་ལྡན་ཆོས་གླིང་། སྒྲོལ་མ་གླིང་། འཇམ་དབྱངས་ཆོས་གླིང་། ཁུ་ནུ་བྱང་སེམས་གླིང་དང་བྱང་ཆུབ་ཆོས་གླིང་བཅས་བཙུན་ཁག་ལྔ་ནས་བཙུན་མ་ཁྱོན་ ༢༨ ཡོད། ཟབ་སྦྱོང་འདིར་སློབ་ཁྲིད་གནང་མཁན་ཨ་རི་སི་ཡ་ཊལ་མངའ་སྡེའི་ཝ་ཤིང་ཊན་གཙུག་ལག་སློབ་གྲྭའི་དབང་རྩའི་ཚན་རིག་གི་སློབ་དཔོན་ཆེན་པོ་ཨེ་རིཀ་ཅ་ཊ་ལཱར་ལགས་ (Prof. Eric Chudler, University of Washington, Seattle) ལགས་དང་བཱཁ་ལེ་གཙུག་ལག་སློབ་གྲྭ་ནས་ཡིན་པ་ཤཱིར་ཀར་ནི་ (Sheer Karny, UC Berkeley) ལགས་གཉིས་ནས་བཙུན་མ་རྣམས་ལ་བདུན་གསུམ་རིང་དབང་རྩའི་ཚན་རིག་སློབ་ཁྲིད་གནང་ཡོད་པ་བཅས། །