༠༨།༧།༡༥
ཆབ་མདོའི་དཔལ་འབར་རྫོང་ཉིན་མོ་ཤང་གི་མི་བཞི་འཛིན་བཟུང་བྱས་པ། ཕྱི་ཟླ་ ༧ ཟླ་འགོ་ཙམ་དུ་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་ཁོངས་ཉིན་མོ་ཤང་ནས་ཡིན་པའི་མི་སྐྱ་དཔལ་ལྡན་ཆོས་གྲགས་དང་། ཉི་རྡོར་ཟེར་བ་གཉིས་རྒྱ་གཞུང་འབྲེལ་ཡོད་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་འདུག ཁོང་གཉིས་ཀྱིས་གཞུང་གི་ལས་བྱེད་པ་དང་ཉེན་རྟོག་པའི་ཁོངས་སུ་རྒྱ་རིགས་མང་དྲག་པ་དང་། བོད་རིགས་ཚོར་ལས་ཀ་སྤྲོད་དགོས་སོགས་ཀྱི་སྐོར་བཤད་རྐྱེན་འཛིན་བཟུང་བྱས་གནས་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག འདི་ཟླའི་ནང་གོང་གསལ་ས་གནས་ནས་ཡིན་པའི་གྲྭ་བློ་བཟང་ཆོས་འབྱོར་(ཁོང་འབྲི་རུ་རྒྱལ་ཤོད་བན་དཀར་དགོན་གྱི་དགེ་འདུན་པ་ཞིག་ཡིན་པ་) དང་། ཁོང་གི་གཅེན་པོ་མི་སྐྱ་རྡོ་རྗེ་བཀྲིས་གཉིས་ནས་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་རྫོང་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་འདུག ད་ཆ་གར་ཡོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
ནག་ཆུ་འབྲི་རུ་རྫོང་གི་མི་གྲངས་༡༡ ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ། ཕྱི་ཟླ་༣ པའི་ནང་ནག་ཆུ་ས་ཁུལ་འབྲི་རུ་རྫོང་བན་དཀར་ཤང་ཁོངས་སུ་ཡོད་པའི་རྒྱལ་ཤོད་བན་དཀར་དགོན་གྱི་གྲྭ་གྲགས་པ་རྒྱལ་མཚན་དང་། ནད་མེད་གཉིས་ལ་ལོ་གཉིས་རེའི་དུས་བཀག་བཙོན་བཅུག་གི་ཁྲིམས་ཐག་བཅད་ཡོད་འདུག་པ་དང་།
ཕྱི་ཟླ་ ༥ པའི་ནང་དགོན་དེའི་གྲྭ་བུ་ཆུང་ནོར་བ་དང་། བུ་བསྟན་དགེ། ཚོགས་མཆོག་གསུམ་དང་། བན་དཀར་ཤང་ཁོངས་ཀྱི་མི་སྐྱ་བཀྲིས་དང་། རྡོ་རྗེ། ལྷག་པ། སྐྱ་ཡུ། འཛུམ་རིལ། འོད་འཕྲོ་བཅས་ཁྱོན་མི་གྲངས་དགུར་སྐབས་དུས་སོ་སོར་ལོ་ ༥ རེའི་དུས་བཀག་བཙོན་བཅུག་གི་ཁྲིམས་ཐག་བཅད་ཡོད་འདུག གནས་ཚུལ་དེའི་འབྱུང་རྐྱེན་གཙོ་བོ་ནི། སྔ་ལོའི་ཕྱི་ཟླ་༡༢ པའི་ནང་རྒྱལ་ཤོད་བན་དཀར་དགོན་གྱི་གྲྭ་ཆུང་ཁག་ཅིག་ལ་རྒྱ་མི་ཚོང་པས་ཉེས་རྡུང་བཏང་རྗེས་བོད་མི་རྣམས་མཉམ་རུབ་ཀྱིས་རྒྱ་གཞུང་ལ་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་ཚུལ་སོགས་ཀྱི་ངོ་རྒོལ་རྔམ་སྟོན་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་དང་། རིམ་པས་བན་དཀར་དགོན་གྱིས་རྒྱལ་གཅེས་སློབ་གསོའི་ལས་འགུལ་དང་ལེན་མ་བྱས་པར་བརྟེན། སྐབས་དེར་ཁྱོན་སེར་སྐྱ་མི་གྲངས་ ༢༧༠ ཙམ་འཛིན་བཟུང་གིས་འབྲི་རུ་རྫོང་དུ་བཀག་ཉར་བྱས་ཡོད་འདུག དེའི་ཁོངས་ནས་བུད་མེད་བློ་བརྟན་དང་། ཤེས་རབ་གཉིས་ལ་ཉེ་ལམ་ཕྲུ་གུ་སྐྱེས་ཡོད་སྟབས་བཀག་ཉར་བྱེད་རིང་དཀའ་ངལ་ཤུགས་ཆེ་འཕྲད་པས། དངུལ་ཆད་སྤྲད་དེ་གློད་བཀྲོལ་ཐོབ་ཡོད་འདུག
ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུས།།