༢༠༡༠ ཕྱི་ཟླ་ ༡ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༣༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་ཕེབས་དོན། དེ་རིང་འདིར་བསྟན་འཛིན་གྱི་སྐྱེས་བུ་བོད་མི་རིགས་ཀྱི་བདེ་དོན་རྩོད་གནང་མཁན་གྱི་དཔའ་བོ་ཆེན་པོ་ཁོང་། རྐྱེན་ངན་དེ་འདྲ་ཞིག་འོག་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་ཕྱིན་པའི་དུས་དྲན་གནང་གི་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་ཞིང་གཤེགས་དེ་ད་ལྟ་བཞུགས་ཡོད་ན། ང་ཚོ་ཕྱི་ལོགས་སུ་བསྡད། པཎ་ཆེན་རིན་པོ་ཆེ་བོད་ནང་བཞུགས་ཏེ་ཐབས་ཤེས་གང་ཡོང་གནང་རྒྱུ་ཡིན་པ་གཏན་འཁེལ་བ་རེད། དེ་འདྲའི་ཐོག་ནས་ཏན་ཏན་ནུས་པ་གང་ཙམ་ཐོན་ཐུབ་རྒྱུ་ཡང་ད་ཆ་དེ་ལྟར་མེད་པ་རེད། པཎ་ཆེན་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་དུས་ཧ་ཅང་ཕངས་པོ་བྱུང་། འོན་ཀྱང་བྱ་རྒྱུ་གང་ཡང་མི་འདུག པཎ་ཆེན་རིན་པོ་ཆེ་ཞིང་གཤེགས་དམ་པ་དེའི་མཛད་པ་འཕྲིན་ལས་སྐོར་ཁྱེད་རང་ཚོས་ད་ལྟ་འདིར་ཞིབ་ཕྲ་གསུངས་སོང་། ངོས་ཀྱིས་དེ་འདྲའི་ཞིབ་ཚགས་པོ་ངེས་ཀྱི་མེད་པས་ཞུ་རྒྱུ་མེད་ཀྱང་། སྤྱིར་བཏང་སྐུ་ཕྲེང་བཅུ་གསུམ་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མའི་སྐབས་གཞུང་བླའི་བར་གནས་ཚུལ་ཞིག་བྱུང་བ་ཤོད་རྒྱུ་ཡོད། ངོས་ཀྱིས་གོ་ཐོས་ལ་དེ་སྔ་བོད་ལ་ལས་ཀ་བྱེད་མཁན་རྒྱ་དཔོན་ཕན་མིང་ཁོང་རང་གྲོངས་ཀྱང་། ཁོང་གི་བུ་མོས་དེབ་ཅིག་བྲིས་ཡོད་པ་ཉེ་ཆར་ཧོང་ཀོང་དུ་བཏོན་ཡོད་པ་རེད་ཟེར་གྱི་འདུག དེའི་ནང་༧རྒྱལ་དབང་དང་པཎ་ཆེན་རྣམ་གཉིས་མཐུན་པོ་མེད་པའི་སྐད་ཆ་མང་པོ་ཞིག་བཤད་ཡོད་བཟོ་འདུག དེར་བརྟེན་ངོས་ཀྱིས་འདིར་ཡོངས་གྲགས་མིན་པའི་ལོ་རྒྱུས་ཁ་ཤས་ཤིག་ཞུས་ན་དྲན་བྱུང་། ལྷག་པར་འདིར་སློབ་ཕྲུག་མང་པོ་ཞིག་འདུག ཁྱེད་རང་ཚོར་ངོས་ཀྱིས་བཤད་པའི་ལོ་རྒྱུས་འདི་སྒྲུང་ལྟ་བུ་ཞིག་ཡོང་རྒྱུ་རེད། སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལྕགས་སྟག་ཞིབ་གཞུང་བཀོད་པ་དེ་འདྲ་ཞིག་གི་ཐོག་ནས་སྐབས་དེར་བཀྲ་ཤིས་ལྷུན་པོའི་བླ་བྲང་ལ་དམག་ཕོགས་བཞི་ཟུར་ཞེས་པའི་ཁྲལ་བཀལ་བ་དེ་ནི་བཀྲིས་ལྷུན་པོར་ཆོས་གཞིས་གང་ཙམ་ཡོད་པ། དམག་ཕོགས་ཁྱོན་ཆེན་པོ་ཞིག་བཀལ་བ་དེས་བླ་བྲང་ཕྲན་བུ་སྐུ་མཉེལ་པོ་ཆགས། དེ་འདྲའི་ཐོག་ནས་མཐར་པཎ་ཆེན་རིན་པོ་ཆེ་རྒྱ་སོག་ཡུལ་གྲུར་ཕེབས་ཤིང་། རྒྱ་སོག་ལ་བཞུགས་སྐབས་པཎ་ཆེན་རིན་པོ་ཆེའི་ཞབས་གྲས་ཏཱ་བླ་མ་ངག་དབང་སྱིན་པ། རྗེས་སུ་ཁོང་ལྷ་སར་རི་འབུར་རིན་པོ་ཆེ་དང་མཉམ་དུ་བཟང་བཙོན་ལྟ་བུ་བྱས་ནས་ཡོད་དུས། ངག་དབང་སྱིན་པས་ལོ་རྒྱུས་ཤིག་བཤད་འདུག ཁོང་རང་པཎ་ཆེན་རིན་པོ་ཆེའི་ཞབས་འབྲིང་གྲས་ལ་ཡོད་དུས་རྒྱ་ནག་ཡིན་ནམ་མདོ་སྨད་ཁུལ་དུ་ཡིན། གང་ལྟར་དེ་འདྲ་ཞིག་ལ་བཞུགས་པའི་སྐབས་སུ་སྐུ་མདུན་ལ་སྙན་ཞུ་ཞིག་བཟོས་གནང་སྟེ་ཏཱ་བླ་མར་ཡི་གེ་དེ་སྐུ་མདུན་སྐུ་གོང་མ་རང་གི་ཕྱག་ལ་ཕུལ་ཞེས་གསུངས་ཏེ་གཏོང་བ་གནང་འདུག དེ་ནས་ལྷ་སར་འབྱོར་ཏེ་ཡིག་ཚང་དང་གཞུང་གི་ལས་ཁུངས་བརྒྱུད་ནས་མིན་པར་སྐུ་གོང་མའི་ཕྱག་ལ་ཐད་ཀར་འབུལ་རྒྱུའི་ཆེད། མཇལ་དམངས་ནང་ཡོང་སྟེ་སྐུ་མདུན་གྱི་བཞུགས་ཁྲིའི་འཁྲིས་ལ་འབྱོར་བ་དང་ཕྱག་བྲིས་དེ་སྐུ་མདུན་གྱི་ཕྱག་ལ་ཕུལ། དེ་ཕུལ་བ་དང་སྐུ་གོང་མས་ཞབས་གྲས་ཤིག་ལ་ད་ལྟ་འདིར་སྙན་ཞུ་ཕུལ་མཁན་གྱི་མི་དེ་སྒུག་ཏུ་འཇུག་དགོས་ཞེས་བཀའ་གནང་འདུག དེ་རྗེས་ཁོང་ལ་ཉིན་ཁ་ཤས་རྗེས་ལན་ལེན་དུ་ཤོག་ཨང་ཞེས་བཀའ་གནང་ཡོད། དེ་ནས་ཉིན་ཁ་ཤས་སྒུག་རྗེས་ཉིན་གཅིག་ལན་ལེན་བར་ཤོག་ཅེས་བཀའ་གནང་སྟེ་སྐུ་གོང་མས་པཎ་ཆེན་རིན་པོ་ཆེའི་ཕྱག་བྲིས་དེར་བཀའ་ལན་བཀའ་ཡིག་གཅིག་དང་། ངག་དབང་སྱིན་པ་ཁོང་རང་ལ་འགྲོ་སོང་གཏོང་རྒྱུ་བྱེད་ཅེས་གསེར་ཊམ་ཁ་ཤས་ཤིག་གནང་སྟེ་བཀའ་མངགས་གནང་དོན་ལ་ཟླ་ཚེས་འདི་འདྲ་ཞིག་ནང་ཚུན་ལ་ཁྱེད་རང་ཡིན་གཅིག་མིན་གཅིག་རྒྱ་གར་ལ་འབྱོར་ཟིན་པ་བྱེད་དགོས་ཞེས་བཀའ་སློབ་གནང་འདུག ཁོང་གིས་ཀྱང་བཀའ་གཞིར་བཟུང་གང་མྱུར་རྒྱ་གར་ལ་ཐོན་ཏེ། ཚེས་གྲངས་དེ་ནས་མ་འགྱངས་པར་རྒྱ་གར་དུ་འབྱོར་ཐུབ་པ་བྱས་ཤིང་ཁོང་རྒྱ་གར་ལ་འབྱོར་བའི་མཚམས་སུ་གཞུང་འབྲེལ་གྱིས་གསལ་བསྒྲགས་གནང་སྟེ། མདོ་སྨད་ནས་ངག་དབང་སྱིན་པ་ཟེར་བ་ཞིག་སླེབས་ཡོད་པ་མི་དེ་ས་གནས་གང་དུ་ཡོད་ཀྱང་དོ་དམ་བྱེད་དགོས་ཞེས་ཡོངས་གྲགས་གཞུང་འབྲེལ་གྱིས་བཀའ་རྒྱ་ཞིག་བཏང་འདུག དེ་ཐོག་ནས་སྐུ་མདུན་སྐུ་གོང་མ་རང་ཉིད་དང་པཎ་ཆེན་རིན་པོ་ཆེ་བར་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད། འོན་ཀྱང་བོད་སྤྱིའི་གཞུང་གི་འགྲོ་སྟངས་དང་སྲིད་བྱུས་ཀྱི་ཐོག་ནས་དེ་ལྟར་གནང་དགོས་པ་ཡོང་གི་ཡོད།
བླ་མ་དང་སློབ་མའི་བར་གྱི་འབྲེལ་བ་དེ་ཧ་ཅང་གི་ཟབ་པོ་ཞིག་ཡོད་པའི་རྟགས་མཚན་གཅིག་ནི། སྐུ་མདུན་སྐུ་གོང་མ་ཐུབ་བསྟན་རྒྱ་མཚོ་སྐུ་གཤེགས་ཏེ་ཡང་སྲིད་རྩད་གཅོད་བྱེད་མཁན་ཁག་ཁ་ཤས་ཡོད་པ་ནས་ཁག་གཅིག་མདོ་སྨད་ཕྱོགས་སུ་སོང་ཡོད། དེ་དུས་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་སྐྱེ་རྒུ་མདོར་བཞུགས་ཡོད་ཅིང་། ཡང་སྲིད་རྩད་གཅོད་བྱེད་མཁན་ཁོངས་སུ་ཡོད་པ་མཁན་པོ་དམ་པ་ནག་ཆུ་མཁན་པོ་ཞུ་བ་ཁོང་གིས་དེ་ལྟར་ངོས་ལ་དངོས་སུ་བརྗོད་བྱུང་། རྗེས་སུ་ཁོང་གཟིམ་དཔོན་མཁན་པོ་དང་དེ་ནས་སྤྱི་ཁྱབ་མཁན་པོ་བྱས་ཡོད། ཁོང་གཟིམ་དཔོན་མཁན་པོའི་སྐབས་ངོས་ལ་བོད་ཡིག་སློབ་མཁན་ཁོང་ཡིན། ཁོང་ཚོ་སྐུ་འབུམ་ཕྱོགས་ལ་འགྲོ་ཞོར་དུ་སྐྱེ་རྒུ་མདོར་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་མཇལ་བར་བསྐྱོད་སྐབས་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་མདུན་སྐུ་གོང་མའི་མཚན་ནས་གསུང་དུས། བདག་གི་མཁན་ཆེན་རྡོ་རྗེ་འཆང་ཞེས་གསུངས་པ་དང་། བདག་གི་མཁན་ཆེན་རྡོ་རྗེ་འཆང་གི་ཡང་སྲིད་དེ་མ་འཁྲུལ་པ་དང་མ་ནོར་བ་ཡག་པོ་ཞིག་དགོས་པ་ཡིན།
དེ་བཞིན་པཎ་ཆེན་རིན་པོ་ཆེས་བཀའ་སློབ་གནང་སྐབས་སྐུ་འབུམ་ཁུལ་གྱི་ཕྲུ་གུ་ཞིག་པཎ་ཆེན་རིན་པོ་ཆེའི་མཇལ་ཁ་བཅར་སྐབས་པཎ་ཆེན་རིན་པོ་ཆེའི་ཕྱག་ཕྲེང་ནས་འཇུ་མཁན་ཞིག་བྱུང་ཡོད། པཎ་ཆེན་རིན་པོ་ཆེའི་ཕྱག་ཕྲེང་ནས་འཇུ་མཁན་གྱི་ཕྲུ་གུ་དེ་༧རྒྱལ་བའི་ཡང་སྲིད་མིན་ནམ་ཞེས་པ་དེ་དུས་སྐད་ཆ་ཞིག་ཡོད་འདུག པཎ་ཆེན་རིན་པོ་ཆེས་གསུང་གསལ་ལ་སྐུ་འབུམ་ཕྱོགས་ནས་ཨ་མདོའི་ཕྲུ་གུ་པཎ་ཆེན་རིན་པོ་ཆེའི་ཕྱག་ཕྲེང་ནས་འཇུ་མཁན་ཞིག་བྱུང་། དེ་ནི་པཎ་ཆེན་རིན་པོ་ཆེ་དང་ལས་འབྲེལ་ཡོད་པ་ཞིག་ཡིན་པར་ཐེ་ཚོམ་མེད། འོན་ཀྱང་དེ་༧རྒྱལ་བའི་ཡང་སྲིད་མ་རེད་ཅེས་ཐག་བཅད་དེ་གསུངས་ཡོད། ༧རྒྱལ་བའི་ཡང་སྲིད་ཀྱི་ཕྲུ་གུ་དེ་ངོས་བསྟན་འཛིན་རྒྱ་མཚོ་སྐབས་དེའི་མིང་ལ་ལྷ་མོ་དོན་གྲུབ་བརྗོད་ཀྱི་ཡོད། ལྷ་མོ་དོན་གྲུབ་ཅེས་པ་དེ་༧རྒྱལ་བའི་ཡང་སྲིད་འཁྲུལ་མེད་ཡིན་པས་དེར་བརྟག་དཔྱད་ཡག་པོ་བྱེད་དགོས། ཞེས་གསུངས་པ་དེ་དུས་པཎ་ཆེན་རིན་པོ་ཆེའི་མཇལ་ཁ་བཅར་མཁན་ཚོའི་གྲས་ལ་གསལ་པོ་ཤོད་རྒྱུ་ཡོད་པ་ཆགས་ཡོད་ལ། རྗེས་སུ་མཁན་པོ་དམ་པས་ངོས་ལ་དེ་ལྟར་བརྗོད་བྱུང་། དེར་བརྟེན་ངོས་བདག་པོ་རྒྱག་མཁན་པཎ་ཆེན་རིན་པོ་ཆེ་ཆགས་ཡོད།
དེ་ནས་ཁོང་ཚོའི་བསམ་བློའི་ནང་ཕལ་ཆེར་ངོས་གཏན་འཁེལ་བ་ལྟ་བུ་ཆགས་ཡོད། དེ་མིན་གཞན་དག་ཤོད་དགོས་མི་འདུག རྗེས་སུ་བརྟག་དཔྱད་ཚང་མ་བྱེད་སྐབས་ངོས་རང་རླུང་རྟ་ལྟ་བུས་ལམ་འགྲོ་བྱུང་སྟེ་༧རྒྱལ་བ་རིན་པོ་ཆེ་ཆགས་པ་རེད། དེ་གཅིག་བྱས། པཎ་ཆེན་སྐུ་གོང་མ་དང་༧རྒྱལ་བ་སྐུ་གོང་མ་གཉིས་ངེས་པ་དོན་ལ་བླ་མ་དང་སློབ་མའི་འབྲེལ་བ་དངོས་གནས་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་པའི་རྟགས་མཚན་གསལ་ཡོད་པ་འདི་གཅིག་བརྗོད་འདོད་བྱུང་།
དེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཞིང་གཤེགས་དེ་སྤྱིར་བཏང་འགོ་སྟོད་གཏན་འཁེལ་སྐབས་རྙོག་དྲ་ཕྲན་བུ་བྱུང་ཡོད། ཡིན་ནའང་མཐའ་མ་ངོས་དང་མཇལ་འཕྲད་ཀྱི་དུས་ཚོད་ཕྱི་ལོ་ ༡༩༥༢ ལོར་ཨ་མདོ་ནས་ཡར་ལྷ་སར་ཕེབས་སྐབས་ཡིན་པ། ངོས་ཀྱི་ལོ་རྒྱུས་ནང་བཀོད་པ་ལྟར་ཡིན། དེ་དུས་པཎ་ཆེན་རིན་པོ་ཆེ་དངོས་གནས་ཨ་མདོའི་ཕྲུ་གུ་ང་ཚོ་ཕ་ཡུལ་གཅིག་པ་རེད་ལ་ལྷད་མེད་དཀར་གཙང་ཧ་ཅང་ཡག་པོ་ཞིག་མཐོང་བྱུང་། དངོས་གནས་འདི་བསྟན་པ་དང་འགྲོ་བར་ཕན་ཐོགས་གནང་མཁན་ཞིག་ཡོང་བ་འདུག་བསམ་པའི་ཡིད་ཆེས་གཙང་མ་བྱུང་། དེ་དུས་པཎ་ཆེན་རིན་པོ་ཆེ་མཉམ་དུ་རྒྱ་མིས་བཏང་བའི་སྐུ་སྲུང་བ་རྒྱ་མི་དེ་ཚོ་ཧམ་པ་ཆེན་པོ་དང་སྤྱོད་པ་ཧ་ཅང་ཁྱད་མཚར་དེ་འདྲ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད། དེ་རྗེས་པཎ་ཆེན་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་ཕེབས་པ་རེད། ཕྱི་ལོ་ ༡༩༥༤ ལོར་ང་ཚོ་རྒྱ་ནག་ལ་ཕྱིན་པ་རེད། སྐབས་དེར་པཎ་ཆེན་རིན་པོ་ཆེ་ཡང་ཡོད། པཎ་ཆེན་རིན་པོ་ཆེ་བྱང་ལམ་བརྒྱུད་དེ་ཕེབས་པ་དང་། ངོས་ཀོང་པོ་དང་ཆབ་མདོ་བརྒྱུད་དེ་ཕྱིན་པ་ཡིན། ང་ཚོ་ཐོག་མར་ཤི་ཨན་གྲོང་ཁྱེར་དུ་མཇལ་བྱུང་། དེ་དུས་རིན་པོ་ཆེ་ལྷད་མེད་ལྟ་བུ་གཞི་རྩ་སྔོན་མ་དེ་ག་རང་ཡིན་ཡང་ཕྲན་བུ་སྙན་སྒྲོན་ཞུ་མཁན་འདྲ་མིན་ཡོང་གི་ཡོད་པ་བཟོ་འདུག དེའི་ཐོག་ལ་རྒྱ་མིས་བེད་སྤྱོད་ཆེན་པོ་གཏོང་གི་ཡོད། ཆབ་མདོ་བཅིངས་བཀྲོལ་ཨུ་ཡོན་ལྷན་ཁང་ཞེས་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་མདོ་སྟོད་ཆབ་མདོ་དེ་བཅིངས་བཀྲོལ་ཨུ་ཡོན་ལྷན་ཁང་ཞེས་ཟུར་དུ་གཅིག་བཟོས། གཙང་དུ་བཀྲ་ཤིས་ལྷུན་པོའི་པཎ་ཆེན་ནང་མ་སྒང་ཞེས་གཅིག་བཟོས། དགའ་ལྡན་ཕོ་བྲང་གི་གཞུང་དེ་གཅིག་བཟོས་ཏེ་དུམ་བུ་གསུམ་ཆགས་ཡོད།
བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པའི་སྐབས་དྲུང་ཆེ་ང་ཕོད་དང་། དྲུང་གཞོན་གསུམ་ཡོད་པ་གཅིག་ཆབ་མདོ་བཅིངས་བཀྲོལ་ཨུ་ཡོན་ལྷན་ཁང་གི་སྤོམ་མདའ་སྟོབས་རྒྱལ་ཡིན་མི་ཡག་པོ་ཞིག་ཡོད། པཎ་ཆེན་ནང་མ་སྒང་གི་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཞེས་དཔེ་ཆ་ཡང་ཤེས་མཁན་མི་ཡག་པོ་ཞིག་ཡོད། གཅིག་རྒྱ་མི་ཁྲིན་ཅིན་པའོ་བཅས་ཡིན། ཁོང་ཚོ་ཚང་མའི་ནང་ནས་དབང་ཆ་ཚང་མ་ཡོད་མཁན་ནི་ཁྲིན་ཅིན་པའོ་རེད། ང་ཕོད་ལ་དྲུང་ཆེའི་མཚན་ཡོད་ཀྱང་ངོ་ཐོག་གལ་ཆེ་བ་རྣམས་རྒྱ་མི་དེར་གཟིགས་ཏེ་ཐག་གཅོད་རྒྱུ་མ་གཏོགས་མེད། དེ་ནས་ང་ཚོ་རྒྱ་གར་དུ་སླེབས་སྐབས་ཁྱེད་རང་ཚོས་ Researchཉམས་ཞིབ་བྱས་ན་ཤེས་ཀྱི་རེད། དེ་དུས་པཎ་ཆེན་རིན་པོ་ཆེའི་གསུང་བཤད་ནང་མང་ཆེ་བ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་སྐོར་ཤུགས་ཆེན་པོ་ཞིག་གསུངས་ཡོད། ངོས་ཀྱི་གཏམ་བཤད་ཚང་མའི་ནང་བོད་དང་རྒྱ་གར་བར་གྱི་ཆོས་ཕྱོགས་ཀྱི་འབྲེལ་བ་དང་། སངས་རྒྱས་ཀྱི་བསྟན་པའི་སྐོར་མ་གཏོགས་རྒྱ་དཀར་ནག་གི་འབྲེལ་བའི་སྐོར་མེད། དེ་དུས་ང་ཚོ་དང་མཉམ་དུ་ཡོང་མཁན་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་པ་དེ་ཚོས་ཕྲན་བུ་རྣམ་འགྱུར་མི་འདྲ་བ་སྟོན་པའི་གནས་ཚུལ་བྱུང་ཡོད། ཕྱི་ལོ་ ༡༩༥༧ ལོར་ང་ཚོ་ཕར་ལོག་འགྲོ་སྐབས་ངོས་རང་སྔོན་དུ་ཚུར་ཡོང་སྐབས་གདན་ས་བཀྲ་ཤིས་ལྷུན་པོར་བསྡད་པ་ལྟར་སྡོད་རྒྱུར་ཕྲན་བུ་དཀའ་ངལ་འཕྲད་ནས་ངོས་གཞིས་རྩེ་སྤྱི་རྫོང་ལ་བསྡད་དེ་བཀྲ་ཤིས་ལྷུན་པོ་དགོན་པར་བཅར་མི་བདེ་བའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད། ཕྱི་ལོ་ ༡༩༥༨ ལོར་བོད་ནང་ཟང་ཟིང་འགོ་ཚུགས་ཡོད། སྤྱིར་བཏང་བྱས་ན་ ༡༩༥༦ ལོ་ནས་འགོ་ཚུགས་ཡོད། དེ་ནས་ཕྱི་ལོ་ ༡༩༥༩ ལོའི་སྨོན་ལམ་གྱི་མཛད་ཆེན་སྐབས་པཎ་ཆེན་རིན་པོ་ཆེ་ནས་༧རྒྱལ་བ་རིན་པོ་ཆེའི་སྨོན་ལམ་མཛད་ཆེན་ཐོག་འཚམས་ཞུ་གནང་ཡོད། དེ་དུས་སྔོན་མ་མགྲོན་གཉེར་དང་རྗེས་སུ་དྲུང་ཡིག་ཆེན་མོ་ཡིན་པ། གཅུང་ལགས་ཟེར་བའི་མི་ཡག་པོ་ཞིག་ཡོད།
ཁོང་སླེབས་བྱུང་། ཁོང་གི་གདོང་པཎ་ཆེན་རིན་པོ་ཆེའི་ཕྱག་ས་སམ་ཊ ཞིག་འདུག ཕྱག་ས་དེའི་ནང་གནས་ཚུལ་རྩ་བ་ནས་ཡག་པོ་མི་འདུག བོད་གཞུང་དང་ང་ཚོ་ཚང་མ་རྡོག་རྩ་ཆིག་སྒྲིལ་དང་ནུས་ཤུགས་ཆིག་སྒྲིལ་གྱི་ཐོག་ནས་ཤུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་པས། ཞིབ་ཕྲའི་བྱེད་ཕྱོགས་གང་འདྲ་ཡོད་བཀའ་སློབ་གནང་རོགས་ཞེས་འཁོད་འདུག། ཕྱག་བྲིས་ཀྱི་ཐོག་དྲུང་ཡིག་ཆེན་མོ་གཅུང་ལགས་ཀྱིས་ངོས་ལ་ངག་ཐོག་ནས་འགྲེལ་བཤད་བརྒྱབ་པར། བར་སྐབས་པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་མདོ་སྨད་ཕྱོགས་ནས་སྐུ་ཉེ་དེ་འདྲ་སླེབས་ཏེ་ཁོང་ཚོས་པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་གྱིས་མཚོན་པའི་མདོ་སྨད་ཨ་མདོ་ཁུལ་དང་། མདོ་སྟོད་ཁམས་ཁུལ་བར་ལ་རྒྱ་མིས་གདུག་རྩབ་དང་མནར་གཅོད་གང་འདྲ་གཏོང་གི་ཡོད་པ་རྣམས་པཎ་ཆེན་རིན་པོ་ཆེའི་༧སྙན་ལ་གསལ་པོ་སླེབས་པར་བརྟེན། པཎ་ཆེན་རིན་པོ་ཆེས་ང་ཚོ་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་ནུས་པ་ཤུགས་ཆེ་ཞིག་འདོན་དགོས།
ཞེས་པཎ་ཆེན་རིན་པོ་ཆེའི་དགོངས་པར་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅེས་ཁོང་གིས་ངོས་ལ་བརྗོད་བྱུང་། ཕྱག་ས་ནང་ལའང་དེ་ལྟར་འདུག ངག་ཐོག་ནས་དྲུང་ཡིག་ཆེན་མོ་གཅུང་ལགས་ཀྱིས་འགྲེལ་བཤད་བརྒྱབ་པ། དེ་ལྟར་བདེན་པ་རེད་འདུག འོན་ཀྱང་སྐབས་དེར་ལམ་སེང་ཐད་ཀར་ལྗགས་ལན་གསལ་པོ་ཞུ་རྒྱུ་དེ་དུས་གནས་ཚུལ་ཛ་དྲག་ཐོག་སླེབས་ཡོད། ཕྱི་ཟླ་ ༢ པའི་ཟླ་མཇུག་ཧ་ཅང་ཛ་དྲག་ཆེན་པོ་ཆགས་ཟིན་སྟབས་གནས་ཚུལ་གསལ་པོ་ཞུ་རྒྱུ་ཁག་པོ་ཡིན། ཡིན་ནའང་མཐའ་མ་ཕྱི་ཟླ་ ༣ ཚེས ༡༧ དགོང་དྲོ་ངོས་རང་ལྷ་སའི་ནོར་གླིང་ནས་ཐོན་ཡོང་སྟེ། ལྷོ་ཁར་འབྱོར་བ་དང་པཎ་ཆེན་རིན་པོ་ཆེར་ཕྱག་བྲིས་ཞིབ་ཕྲ་ཞིག་ཕུལ་བ་ཡིན། འོན་ཀྱང་ཕྱག་བྲིས་དེ་འབྱོར་ཡོད་མེད་ངོས་ཀྱི་ཤེས་མ་སོང་། དེའི་ནང་གནས་ཚུལ་བྱུང་སྟངས་དང་བྱེད་སྟངས་འདི་འདྲ་་ཡིན་ཞེས་གནས་ཚུལ་ཞིབ་ཕྲ་ཞིག་ཕུལ་བ་ཡིན། དངོས་ཡོད་གནས་ཚུལ་ཁྱེད་རང་ཚོས་གསུངས་པ་ལྟར། དངོས་གནས་པཎ་ཆེན་རིན་པོ་ཆེ་ཞེ་ས་མ་ཞུས་ན་སྲེག་གཏུབ་འཕེར་བའི་མི་ཞིག་དང་ཧ་ཅང་སྙིང་སྟོབས་དང་བློ་ཁོག་ཆེན་པོ་ཡོད་མཁན་ཞིག་རེད་འདུག ཆོས་ཕྱོགས་ཀྱི་ཐོག་ནས་བསྟན་པའི་བྱ་བ་མཛད་པ་དང་ཆབས་ཅིག་བོད་སྤྱི་པའི་དོན་དག་ལ་ཧ་ཅང་ཐུགས་ཁུར་བཞེས་ཏེ་བདེན་པའི་འཐབ་རྩོད་གནང་མཁན་དངོས་གནས་མིག་དཔེར་འོས་པ་འདི་འདྲ་ཞིག་བྱུང་ཡོད། ཞིབ་ཕྲ་ཞུ་དགོས་མི་འདུག ཕྱི་ལོ་ ༡༩༧༨ ལོའི་ལོ་མཇུག་ཡིན་པ་ཡོད་རྒྱ་ལོ་དོན་གྲུབ་པེ་ཅིང་ལ་ཕྱིན་ནས་ཏེང་ཞའོ་ཕིང་ཐུག་ཡོད།
དེ་སྐབས་པཎ་ཆེན་རིན་པོ་ཆེ་མཇལ་རྒྱུ་བྱུང་འདུག པཎ་ཆེན་རིན་པོ་ཆེས་བཀའ་སློབ་གནང་བ་དང་ཁོང་རང་གི་ལོ་རྒྱུས་གསུངས་དུས་རྒྱ་ལོ་དོན་གྲུབ་ལ་སྐུ་གཟུགས་སྟོན་པ་གནང་སྟེ་བཙོན་ཁང་ནང་ནས་འཐབ་འཛིང་གཏོང་སྐབས་སྐུ་གཟུགས་ལ་ལྕགས་བརྒྱབ་པའི་རྨ་ཤུལ་བསྟན་པ་གནང་འདུག ཧ་ཅང་སེམས་སྐྱོ་པོ་ཡིན། དངོས་གནས་བདེན་པའི་དོན་དག་ལ་ཐུགས་ཁུར་བཞེས་མཁན་བློ་སྟོབས་འགྱུར་བ་མེད་པ་ཞིག་རེད། དེའི་རྗེས་ང་ཚོའི་སྐུ་ཚབ་ཚོགས་པ་སྔ་རྗེས་ཕྱིན་པའི་སྐབས་སུ་པཎ་ཆེན་རིན་པོ་ཆེ་མཇལ་རྒྱུ་བྱུང་སྟེ་ཧ་ཅང་ཡག་པོ་བྱུང་འདུག དེ་ནས་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་པའི་སྐབས་སུ་རྒྱ་ལོ་དོན་གྲུབ་པེ་ཅིང་ལ་སླེབས་ཡོད། རྒྱ་ལོ་དོན་གྲུབ་ལ་པེ་ཅིང་ནས་འབྲེལ་ཡོད་ཀྱིས་འགྲེལ་བཤད་བརྒྱབ་པ་ད་ལྟ་རྒྱ་ལོ་དོན་གྲུབ་མ་འཆི་བར་བསྡད་ཡོད། དངོས་གནས་བྱས་ན་ཐོ་བཀོད་བྱེད་དགོས་པ་ལྟ་བུ་འདུག པེ་ཅིང་གི་འབྲེལ་ཡོད་ནས་རྒྱ་ལོ་དོན་གྲུབ་ལ་འགྲེལ་བཤད་རྒྱག་སྐབས་པཎ་ཆེན་རིན་པོ་ཆེར་སྙུང་གཞི་ཛ་དྲག་ཅིག་བྱུང་པའི་གནས་ཚུལ་ཞིག་པེ་ཅིང་ལ་འབྱོར་བ་དང་། གནས་ཚུལ་དེ་འབྱོར་མ་ཐག་ཏུ་སྙིང་གི་སྨན་པ་མཁས་པ་དམིགས་བསལ་གྱི་ཨེམ་ཆི་ཡོད་པ་དེ་དང་རྒྱ་ལོ་དོན་གྲུབ་སྐད་ཆ་བྱུང་བ་མིན་ནམ། ཨེམ་ཆི་ཁོང་རང་ཡོད་སའི་སྨན་ཁང་ལ་ཁོང་རང་ལམ་སེང་འགྲོ་དགོས་ཞེས་བཀའ་འབྱོར་བ་དང་ཨེམ་ཆི་ཁོང་རང་ནང་ལ་ལོག་ནས་གྱོན་ཆས་བརྗེ་ཁོམ་མེད་པར་ཤར་རྒྱག་པེ་ཅིང་གི་གནམ་ཐང་ལ་ཕྱིན། དེ་ནས་གོང་དཀར་བར་གནམ་ཐང་དང་གོང་དཀར་ནས་ཐད་འཕུར་གནམ་གྲུའི་ནང་བཀྲ་ཤིས་ལྷུན་པོར་ཕྱིན་འདུག སྐབས་དེར་ཕྱི་དྲོ་ཆགས་པ་དང་ལྷགས་པ་ཤུགས་ཆེན་བརྒྱབ་ནས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་མི་འོང་ངམ་བསམ་པའི་ཞེད་སྣང་གང་ཙམ་བྱུང་འདུག འོན་ཀྱང་བཀྲ་ཤིས་ལྷུན་པོར་འབྱོར་ཐུབ་པ་དང་། དེ་ནས་ཤར་རྒྱག་པཎ་ཆེན་རིན་པོ་ཆེའི་གཟིམ་ཆུང་ལ་བཅར་དུས་པཎ་ཆེན་རིན་པོ་ཆེར་ལྗགས་དབུགས་ཡོད་པ་ཙམ་ལས་བཀའ་མོལ་གནང་ཐུབ་ཀྱི་མི་འདུག ཛ་དྲག་གི་སྨན་བཅོས་ཐབས་ཤེས་གང་ཡོང་ཞུས་ཀྱང་དེའི་མཚན་མོར་དགོངས་པ་རྫོགས་ཚུལ་གྱི་སྐད་ཆ་ཞིག་ཡོད། དེའི་རྗེས་སུ་པཎ་ཆེན་རིན་པོ་ཆེའི་ཞབས་གྲས་གཅིག་རྒྱ་གར་དུ་ངོས་རང་ཐུག་པར་སླེབས་བྱུང་། ཁོང་གིེས་བཤད་པ་ལྟར་བྱས་ན། པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོར་སྐུ་གདུང་ཉམས་གསོ་ཟིན་པའི་མཛད་ཆེན་ལེགས་པར་གྲུབ་ནས་ཐུགས་ཧ་ཅང་མཉེས་པོ་གནང་སྟེ་དགོང་མོ་ཕྱི་པོའི་བར་བཀའ་མོལ་གནང་སྟེ་བཞུགས། དེ་ནས་གཟིམ་ཆུང་ལ་ཕེབས་ཏེ་ནམ་ཕྱེད་ཡས་མས་ཤིག་ལ་དེའི་དགོང་མོ་སྐུ་གཟུགས་ཕྲན་བུ་མི་བདེ་པོ་མི་འདུག་ཅེས་གསུངས་ཡོད། གང་ལྟར་ངོས་ཀྱིས་ཞུ་རྒྱུའི་སྙིང་པོ་ནི་དེ་གའི་དགོང་མོར་གཤེགས་ཏེ་རྒྱ་མིའི་ཨེམ་ཆི་དེ་ཡོང་དུས་གཤེགས་ཚར་བ་དེ་འདྲ་ཞིག་ཟེར་གྱི་འདུག གང་ལྟར་སྐད་ཆ་དེར་ཧང་སོང་ཞིག་འདུག ཧང་སོང་ཡོང་བའི་རྒྱུ་མཚན་འདི་རེད་ཅེས་ང་ཚོས་ཤོད་ཐུབ་ཀྱི་མི་འདུག་རུང་། དེར་ཞིབ་འཇུག་བྱེད་དགོས་པ་ཡོད།
དངོས་ཡོད་གནས་ཚུལ་གང་འདྲ་བྱུང་འདུག རྒྱ་ལོ་དོན་གྲུབ་ལ་བཤད་པའི་སྐད་ཆ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཡིན་ན།དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་དང་གནད་འགག་གང་ཡིན། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་ན་འགྲིག་པས། བསྐྱར་དུ་རྩད་གཅོད་བྱེད་དགོས་དོན་མེད། དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཡིན་ན། དེ་ལ་བསམ་བློ་གཏོང་དགོས་པ་ཡིན། ངོས་སྒེར་གྱིས་གནས་ཚུལ་ཤེས་པ་དང་རྟོགས་པ་དེ་དག་ཁྱེད་ཚོ་མང་ཆེ་བས་ཤེས་ཀྱི་མ་རེད། འདི་གཅིག་ཡིན། དེ་ནས་པཎ་ཆེན་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་པར་མཆོད་འབུལ་ཞུ་མཁན་ཞིག་གཏོང་གི་ཡིན་ཞེས་བརྗོད་པར་རྒྱ་ནག་གཞུང་ནས་བཏང་མ་བྱུང་། དེའི་མཇུག་ཏུ་ཡང་བསྐྱར་རྒྱ་ནག་གཞུང་ལ་མཆོད་འབུལ་ཞུ་མཁན་དང་། དེ་ཙམ་མ་ཟད་ཡང་སྲིད་སྐོར་ལ་བཀྲིས་ལྷུན་པོའི་ཡང་སྲིད་རྩད་གཅོད་ཚོགས་ཆུང་དང་གོ་བསྡུར་བྱ་རྒྱུའི་དོན་དུ་སྐུ་ཚབ་ཚོགས་པ་གཏོང་རྒྱུའི་ཐབས་ཤེས་བྱས་པ་ཡིན་ཡང་འགྲོ་མ་ཐུབ། བྱ་བྲལ་རིན་པོ་ཆེ་དང་སྔགས་ཆེན་རིན་པོ་ཆེ་ཡང་ཡོང་བ་ཡོད། སྔགས་ཆེན་རིན་པོ་ཆེ་ཉེ་ཆར་ལྷ་སར་གཤེགས་འདུག བླ་མ་བསམ་གྱིས་མི་ཁྱབ་པའི་ཞིག་ཡོད། བྱ་བྲལ་རིན་པོ་ཆེ་དང་སྔགས་ཆེན་རིན་པོ་ཆེ་ཁོང་ཚོས་གྲོས་བསྡུར་བྱས་ནས་ཡང་སྲིད་ཀྱི་དོགས་གཞི་ཡོད་པའི་མིང་ཐོ་ཞིག་དང་ཆབས་ཅིག་གཙོ་ཆེ་བ་འགའ་ཤས་ཀྱི་པར་དང་། དེ་མིན་མང་པོ་ཞིག་གི་པར་བཅས་འབྱོར་བྱུང་། དགེ་འདུན་ཆོས་ཀྱི་ཉི་མའི་པར་དེ་མཐོང་དུས་ངོས་ཀྱི་སེམས་ལ་ཚོར་བ་མི་འདྲ་བ་ཞིག་བྱུང་། ཕྲུ་གུ་དེར་བྱམས་སྐྱོང་བྱེད་དགོས་པ་འདུག་བསམ་པ་དྲན་བྱུང་། མཇུག་ཏུ་ཟན་བརྟག་སྒྲིལ་སྐབས་དགེ་འདུན་ཆོས་ཀྱི་ཉི་མའི་མཚན་བླུགས་པའི་ཟན་རིལ་དེ་ཧ་ལམ་སྒྲོ་ཕྲན་བུ་བཏགས་ན་ཡར་འཕར་ཡོང་བའི་ལྟ་བུ་བྱུང་། མི་འདྲ་བ་ཞིག་བྱུང་། དེར་ཐེ་ཚོམ་མི་འདུག་བསམས་ནས་ཡང་སྲིད་དེ་ལྟར་བྱས་ཏེ་གཏན་འཁེལ་བ་རེད། འོན་ཀྱང་ལམ་སེང་ཡང་སྲིད་དྲིལ་བསྒྲགས་བྱེད་རྒྱུ་ཉེན་ཁ་ཡོད་པ་དང་། ཡང་སྐབས་དེར་རྒྱ་གར་ནང་དང་བོད་ནང་བཅས་ནས་ཡང་སྲིད་གཏན་འཁེལ་དགོས་ཀྱི་འདུག་ཅེས་བརྗོད་མཁན་བྱུང་བ་བཅས་གནས་ཚུལ་ཕྲན་བུ་ཛ་དྲག་པོ་ཆགས། གནས་སྟངས་དེ་འདྲ་ཞིག་གི་འོག་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ནང་དོན་གཏན་འཁེལ་ཡོད་བ་དེ་དག་ཡོངས་གྲགས་བྱེད་རྒྱུའི་དུས་ལ་བབ་དང་མ་བབ་ཅེས་ནས་ཟན་བརྟག་སྒྲིལ་དུས་དུས་ལ་བབས་པ་ཡིན་ཞེས་ནས་ཕེབས་སོང་། དེ་འདྲ་བྱས་ནས་གསལ་བསྒྲགས་བྱས་པ་རེད། གསལ་བསྒྲགས་བྱས་པ་དེ་རྒྱ་ནག་གཞུང་གི་རྣ་བར་མ་འགྲོ་བ་ཆེན་པོ་བྱུང་ནས་རྙོག་དྲ་འགོ་ཚུགས་སོང་། གང་ལྟར་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་ནང་དོན་༧རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་དང་།
དེ་བཞིན་པཎ་ཆེན་ཞིང་གཤེགས་དེ་དང་ང་ཚོ་ཕན་ཚུན་བར་གྱི་འབྲེལ་བ་དེ་ཡང་དངོས་གནས་བློ་ཐུབ་ཀྱི་འབྲེལ་བ་དང་ཁོང་ནི་བློས་འཁེལ་བའི་དཔའ་བོ་ཞིག་ཆགས་ཡོད། ཁོང་གི་ཡང་སྲིད་རྩད་འཚོལ་འགོ་ཚུགས་སྐབས་ངོས་ཀྱིས་བྱུས་གཏོགས་འདྲ་པོ་བྱས་ནས་ཐག་གཅོད་བྱེད་སྟངས་དེ་དག་ཁྱེད་རང་ཚོར་གཅིག་བརྗོད་ན་བསམ་བྱུང་། དེ་ཚོ་དངོས་ཡོད་གནས་ཚུལ་ཡིན། དེ་རིང་འདིར་འབྲེལ་བ་ཆགས་ཡོད་དུས་སྒྲུང་འདི་ཁྱེད་རང་ཚོར་བཤད་ན་དྲན་བྱུང་། མཐའ་མའི་དུས་དེར་པཎ་ཆེན་རིན་པོ་ཆེས་མཚོན་པའི་བོད་ཆོལ་ཁ་གསུམ་གྱི་སྐྱ་སེར་ཕོ་མོ་མང་པོ་ཞིག་གིས་དངོས་གནས་མི་རིགས་དང་སངས་རྒྱས་ཀྱི་བསྟན་པའི་དོན་ལ་དཀའ་ལས་ཆེན་པོ་བརྒྱབ་ཡོད་པ་རེད། ན་ནིང་དགུན་ཐོག་ངོས་་ར་ཌྷ་སིར་ཡོད་དུས་བོད་ནས་ཡོང་མཁན་མང་པོ་ཞིག་དང་འཆར་ཅན་ལྟར་ཐུགས་སྐབས། དེའི་ནང་ནས་ཨ་མདོ་ཞིག་འདུག ཁོ་རང་ཕལ་ཆེར་ངོས་དང་ལོ་མཉམ་ལྟ་བུ་རེད། ཁོང་གི་རོགས་པར་རྒྱ་མི་ཚོང་པ་གཅིག་འདུག་པ་ཁོ་རང་གཉིས་ངོ་ཤེས་ཡིན་བརྗོད་ཀྱི་འདུག ཨ་མདོ་དེས་ངོས་ལ་ད་ཆ་ང་ཚོ་བོད་མི་རིགས་མི་ཐོག་གསུམ་གྱི་རིང་ལ་དཀའ་ངལ་མྱངས་པ་དེ་དག་ད་ལྟའི་མི་ཐོག་གསུམ་པ་ཚོས་རང་སྲོག་བློས་བཏང་གི་ཐོག་ནས་སེམས་ཀྱི་དཀའ་ངལ་བཏོན་ཡོད། མ་འོངས་པར་ཡང་ང་ཚོ་བོད་ལ་བདེན་པའི་ཐོབ་ཐང་ཡོད་པ་དེ་མིང་དོན་མཚུངས་པ་ཡག་པོ་ཞིག་དང་དངོས་གནས་དོན་དམ་གྱི་གནས་ཚུལ་འདོད་བློ་ཁེངས་པ་ཞིག་མ་བྱུང་ན། ད་དུང་ཡིན་ནའང་མི་རབས་ནས་མི་རབས་བར་སེམས་ཀྱི་དཀའ་ངལ་མི་བཟོད་པ་དེ་སྡོད་ཀྱི་རེད་ཅེས་བརྗོད་བྱུང་། ཁྱེད་རང་ཚོ་དེའི་གྲས་རེད། ཡང་འགའ་ཤས་ཀྱིས་དེ་འདྲ་ཟེར་གྱི་འདུག ཉེ་ཆར་བོད་དུ་འགྲོ་མཁན་དེ་འདྲ་ངོས་ཕྱི་རྒྱལ་ལ་འགྲོ་སྐབས་ཐུག་བྱུང་། ཁོང་ཚོས་བརྗོད་དོན་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་ང་ཚོ་བཙན་བྱོལ་ནང་ཡོད་མཁན་ལས་ཤུགས་ཆེ་བ་ལྟ་བུ་འདུག་ཅེས་བརྗོད་བྱུང་། ང་ཚོ་རང་དབང་ལུང་པར་བསྡད་ཡོད་སྟབས། ཉིན་རེ་ཉིན་རེར་ང་ཚོར་ཛ་དྲག་དང་དངངས་སྐྲག་གི་མྱོང་བ་དེ་མེད། བོད་ནང་ཡོད་པའི་བོད་མི་ཚོར་ཉིན་རེ་ནས་ཉིན་རེར་ཛ་དྲག་དང་དངངས་སྐྲག་གི་མྱོང་བ་ཞིག་ཡོང་གི་ཡོད།
དེ་འདྲ་ཡིན་དུས་སེམས་ནང་མི་རིགས་ཀྱི་ལྟ་བ་དང་ཐོབ་ཐང་རྩོད་རྒྱུའི་སེམས་ཤུགས་དེ་ཉིན་མ་རེ་རེ་བཞིན་སོས་པོར་སྡོད་ཀྱི་ཡོད་པ་རེད། ང་ཚོ་འདིར་རང་དབང་ལུང་པའི་ནང་དེ་འདྲའི་ཛ་དྲག་གི་གནས་ཚུལ་མཐོང་རྒྱུ་མེད་སྟབས། སོ་སོའི་ལྟོ་གོས་ཀྱི་དཀའ་ངལ་ཙམ་མ་གཏོགས་ཆེ་སའི་ཐོག་བསམ་བློ་མ་འཁོར་བ་ལྟ་བུ་དེ་ནི་ནོར་འཁྲུལ་ཡིན། ང་ཚོ་འདིར་རང་དབང་ལུང་པའི་ནང་ཐད་ཀའི་དཀའ་ངལ་གང་ཡང་མེད་པ་ལྟ་བུ་ཡོད་ཀྱང་ང་ཚོ་རྩ་བ་བོད་རིགས། གངས་ཅན་པ་ཞེས་པ་འདི་ཆགས་ཡོད། བོད་གངས་ཅན་པའི་བོད་ནང་གི་གནས་སྟངས་དེ་དག་གང་འདྲ་ཞིག་ཆགས་ཡོད་པ་ང་ཚོ་ཚང་མས་སེམས་ནང་མ་བརྗེད་བ་བྱེད་དགོས། པཎ་ཆེན་རིན་པོ་ཆེ་སྐྱེས་བུ་དམ་པ་དེས་མཚོན་པའི་བོད་ནང་གི་མི་དཀའ་ལས་རྒྱག་མཁན་དེ་ཚོས་དཀའ་ལས་དེ་འདྲ་བརྒྱབ་པའི་དམིགས་ཡུལ་དེ་ང་ཚོ་ཚང་མ་ཐུན་མོང་གི་བསྒྲུབ་བྱ་ཡིན་པ་ལས་ཁོང་ཚོ་ཤི་མཁན་དེ་ཚོའི་ཁེ་ཕན་མ་རེད། དོན་འདི་དུས་ནམཡང་མ་བརྗེད་པ་བྱས་ཏེ་ང་ཚོར་ལས་འགན་ཞིག་ཡོད་བསམ་སྟེ་ལས་འགན་ངོས་འཛིན་པའི་ཐོག་ནས་དེ་བསྒྲུབ་རྒྱུའི་ཐབས་ཤེས་གཙོ་བོ་ཤེས་བྱ་ཡོན་ཏན་ཡག་པོ་དང་ལྷག་བསམ་ཡོད་པ་ཞིག་བྱེད་དགོས། ང་ཚོའི་འཐབ་རྩོད་དེ་དྲང་བདེན་ཞིག་ཡིན་པར་བརྟེན་ཕྱི་གསལ་ནང་གསལ་བྱེད་ཀྱི་ཡོད། ཕར་ཕྱོགས་རྒྱ་མིས་ཕྱིར་སྐད་ཆ་གཅིག་བཤད། ནང་དུ་མི་འདྲ་བ་གཅིག་བྱེད་ཀྱི་འདུག དབྱིན་ཇིའི་སྐད་ཆའི་ནང་ Hypocrisy ཟེར་བ་དེ་ཞེ་པོ་གཅིག་འདུག དེ་བཞིན་ Transparent ཕྱི་གསལ་ནང་གསལ་མི་འདུག ང་ཚོས་ཚུར་ཕྱོགས་འདིར་བདེན་པའི་འཐབ་རྩོད་བྱེད་སྐབས་ཕྱི་གསལ་ནང་གསལ་བྱེད་ཀྱི་ཡོད། ང་ཚོར་རྒྱ་མི་ཐུག་པའི་སྐབས་སུའང་སྐད་ཆ་ཤོད་རྒྱུ་གཅིག་རེད། བོད་པ་ནང་ཁུལ་ཐུག་པ་ཡིན་ནའང་སྐད་ཆ་ཤོད་རྒྱུ་གཅིག་རེད། ཕྱི་རྒྱལ་གྱི་མི་ཞིག་ཐུག་པ་ཡིན་ནའང་སྐད་ཆ་ཤོད་རྒྱུ་གཅིག་རེད་མ་གཏོགས་སྐད་ཆ་གཉིས་ཤོད་དགོས་ཀྱི་མེད། དེ་ནི་ང་ཚོ་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་རེད། རྩ་བའི་ནུས་པ་ནི་ང་ཚོར་བདེན་པ་ཡོད། བདེན་པ་དེའི་འཐབ་རྩོད་བྱེད་དུས་དྲང་བདེན་དང་། ཕྱི་གསལ་ནང་གསལ། འཚེ་བ་མེད་པའི་ལམ་བཅས་ལ་བརྟེན་ནས་འགྲོ་གི་ཡོད། དེ་ལ་བརྟེན་ནས་འཛམ་གླིང་འདིའི་ཐོག་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ལ་ཟོན་བྱེད་ཀྱིན་བྱེད་ཀྱིན་ལ་བོད་པའི་གནས་ཚུལ་ཐོག་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་ཡོང་གི་ཡོད། ང་ཚོས་བདེན་པ་དང་དྲང་བདེན་བྱེད་ཀྱི་ཡོད་པ་མ་ཟད། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་གི་ཡོད་པར་བརྟེན་མི་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད།
གཉིས་ནས་ང་ཚོའི་འཐབ་རྩོད་དེ་རང་རྒྱལ་གཞན་ཕམ་བྱེད་པའི་འཐབ་རྩོད་ཅིག་མིན་པར། རང་གཞན་གཉིས་ཕན་གྱི་འཐབ་རྩོད་ཅིག་ཡིན་སྟབས། རྒྱ་མི་རིགས་མང་པོ་ཞིག་གིས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད། དཔེར་ན་རྒྱ་ནག་ནང་ཆ་བཞག་ན་ནང་ཆོས་བྱེད་མཁན་ཧ་ལམ་ཉུང་ཤོས་ལ་ཡང་ས་ཡ་ ༢༠༠ ཙམ་ཡོད། ཡིད་ཡོངས་སུ་ཚིམ་རྒྱུ་ཞིག་དང་། མི་ཚེ་དོན་ལྡན་ཡོང་རྒྱུ་ཞིག་མེད་པ་ཡིན་དུས་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད། ཕྲན་བུ་རང་དབང་ཐོབ་པ་དང་དཔལ་འབྱོར་གྱི་གནས་སྟངས་ཀྱང་གང་ཙམ་ཡག་པོ་ཆགས་དུས་སེམས་ཀྱི་ཞི་བདེ་གལ་ཆེན་པོ་ཞིག་མཐོང་ནས་ཆོས་ཕྱོགས་ཐོག་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག གུང་ཁྲན་ཏང་མིའི་ནང་དང་། གཞུང་གི་ལས་བྱེད་པའི་ནང་ནས་ནང་དོན་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོང་གི་འདུག དེ་འདྲ་ཡིན་དུས་འདི་དག་ནི་མཐུན་ཕྱོགས་ཀྱི་འགྱུར་བ་ཞིག་དང་གནས་སྟངས་ཤིག་ཡིན། དེ་འདྲ་ཡིན་དུས་ང་ཚོ་ཚང་མས་དུས་ད་ལྟ་བར་དུ་བོད་ནང་ཡོད་པའི་རྒྱལ་གཅེས་མི་མང་ཚོར་དཀའ་ངལ་གང་འདྲ་ཞིག་འཕྲད་པ་ཡིན་ནའང་སེམས་ཤུགས་མ་ཆག་པར་བསྡད་ཡོད། ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་དེ་དང་མཚུངས་པར་སེམས་ཤུགས་མ་ཆག་པར་ཧུར་ཐག་བྱེད་དགོས། ཤེས་སོང་ངམ། ད་ལྟ་སྐབས་སུ་བབ་པ་སློབ་སྦྱོང་ཡག་པོ་བྱེད་དགོས། སློབ་སྦྱོང་བྱ་རྒྱུ་ཟེར་བ་དེ་དཔེ་ཆའི་ནང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུངས་པ། ཐོས་བྱུང་གི་ཤེས་རབ་ཅེས་པ་ནི་དགེ་རྒན་གྱིས་བསླབ་པ་དང་སློབ་དེབ་ལ་སྱངས་པ་དེ་དག་མ་བརྗེད་པར་ཡིད་ལ་ངེས་པ་དེར་ཐོས་བྱུང་གི་ཤེས་རབ་ཟེར་ཞིང་།
དེ་ལ་ནུས་པ་དེ་ཙམ་མེད། འོ་ན་ནུས་པ་ཡོད་པ་གང་ཡིན་ཞེ་ན་བསམ་བྱུང་གི་ཤེས་རབ་ཅེས་པ་དེ་ཡིན། བསམ་བྱུང་གི་ཤེས་རབ་ནི་དགེ་རྒན་གྱིས་འགྲེལ་བཤད་བརྒྱབ་པ་དང་། སློབ་དེབ་ནང་ཡོད་པ་དེ་དག་ལ་སོ་སོས་བསམ་བློ་མང་པོ་བཏང་སྟེ་སེམས་ནང་ངེས་པ་རྙེད་པ་དེ་བསམ་བྱུང་གི་ཤེས་རབ་ཡིན། ཐོས་བྱུང་གི་ཤེས་རབ་ནི་ཡིད་ཆེས་ཙམ་དང་། བསམ་བྱུང་གི་ཤེས་རབ་ནི་ཚད་མའི་ངོ་བོར་ཕལ་ཆེར་འགྲོ་གི་ཡོད། ངེས་པ་རྙེད་པ་ཞིག་ཡོང་བར་རྒྱུ་མཚན་ལ་བསམ་བློ་གཏོང་དགོས། རྒྱུ་མཚན་ལ་བསམ་བློ་བཏང་། ར་འཕྲོད། ཡིད་ཆེས་ཀྱིས་སེམས་ལ་ངེས་པ་རྙེད་པ་དེ་བསམ་བྱུང་གི་ཤེས་རབ་ཡིན། ང་ཚོའི་སློབ་གྲྭ་བ་ཚོས་སོ་སོས་དཔྱད་པ་བྱས་ནས་བསམ་བློ་གཏོང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། དགེ་རྒན་གྱིས་བསླབ་པ་དང་སློབ་དེབ་ནང་ཡོད་པ་དེ་དག་སྐད་འཁོར་བཏང་བ་ལྟ་བུ་བྱས་ནས་ལན་འཁྱོལ་ཙམ་བྱས་ན་མི་འགྲིག དོན་དག་ལ་སོ་སོས་བསམ་བློ་བཏང་དཔྱད་པ་བྱས་ནས་ངེས་པ་རྙེད་པ་ཞིག་དགོས་པ་ཡིན། སྒོམ་བྱུང་གི་ཤེས་རབ་ཅེས་བརྗོད་དུས་ཚད་མཐོ་པོའི་སྒང་ལ་འགྲོ་གི་ཡོད། གང་ལྟར་ངོས་ཀྱིས་ཁྱེད་རང་ཚོར་བརྗོད་འདོད་པ་ནི་ཐོས་བྱུང་གི་ཤེས་རབ་ཡིན། དེ་རིམ་པ་དང་པོ་རེད། ཁྱེད་རང་ཚོ་མང་པོ་ཞིག་ཐོས་བྱུང་གི་ཤེས་རབ་ཙམ་ལ་སྡོད་ཀྱི་མེད་དམ་བསམ་གྱི་འདུག རྒྱུགས་སྤྲོད་བྱེད་སྐབས་སློབ་དེབ་ནང་ལ་ཡོད་པ་དེ་དག་དང་། དགེ་རྒན་གྱིས་བསླབ་པའི་ཚིག་དེ་དག་མ་བརྗེད་པར་སྐྱོར་ཐུབ་ཙམ་བྱེད་པ། ཕར་ཕྱོགས་རྒྱ་མི་གུང་ཁྲན་ལ་བྱེད་སྟངས་དེ་ལྟ་བུ་ཞིག་ཡོད། སྒང་ནས་གསུང་བཤད་ཅིག་གནང་བ་དེ་ཚོ་བཀྲམ་ཡོང་སྐབས་དེ་ནས་བཤུས་ཏེ་སྐྱོར་གྱི་ཡོད། དོན་དག་ལ་ཐོས་བྱུང་གི་ཤེས་རབ་ལས་བསམ་བྱུང་གི་ཤེས་རབ་ཡོང་རྒྱུ་མེད། ང་ཚོའི་སློབ་སྦྱོང་ནི་བདེན་པ་དང་། རྒྱུ་མཚན་ལྡན་པའི་སློབ་སྦྱོང་བྱེད་ཀྱི་ཡོད་པས་བསམ་བློ་བཏང་ན་ངེས་པ་རྙེད་རྒྱུ་ཡོད་པ་ཞིག་ཡིན། བསམ་བློ་བཏང་སྟེ་ངེས་པ་རྙེད་རྒྱུ་ཡོད་པ་དེ་ལ་ངེས་པར་དུ་སོ་སོས་བསམ་བློ་བཏང་སྟེ་དཔྱད་པ་བྱས་ནས་སེམས་ལ་ཡིད་ཆེས་རྙེད་པ་ཞིག་དང་། གནས་ཚུལ་གང་ཡིན་ནའང་བརྟན་པོ་ཆགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱས་ནས། ཐོས་བྱུང་གི་ཤེས་རབ་ཙམ་དུ་མ་བཞག་པར། བསམ་བྱུང་གི་ཤེས་རབ་སྟེང་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། ཁྱེད་རང་ཚོའི་སེམས་ནང་ངེས་པ་བྱེད་དགོས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།།