༢༠༡༡ ཟླ་ ༡༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་རྒྱལ་ས་ཨུ་ལན་བྷ་དུར་སྔ་དྲོ་དགའ་ལྡན་དགོན་པའི་འཛིན་སྐྱོང་བྱིད་བཞིན་པའི་ནང་པའི་སློབ་ཕྲུག་ཚོར་བླང་དོར་གྱི་བཀའ་སློབ་སྩལ་ཡོད་པ་དང་། དེ་རྗེས་སོག་ཡུལ་གྱི་བླ༌ཆེན་ཁལ་ཁ་རྗེ་བཙུན་དམ་པ་དང་མཇལ་འཕྲལ་མཛད། ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་གནམ་ཐང་གི་ཉེ་འཁྲིས་སུ་ཡོད་པའི་(Buyant Ukhaa)ཞེས་པའི་རྩེད་ཐང་ཆེན་པོར་ཁལ་མུཀ་ནང་བསྟན་གྱི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་དབུས་བྷུར་ཡ་སོགས་ཉེ་འཁོར་ཡུལ་ཁག་ནས་བཅར་བའི་མཁན་བླ་རྣམ་པས་གཙོས་སོག་པོའི་མང་ཚོགས་ ༡༠༠༠༠ བརྒལ་བར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཆེན་པོ་ཧོར་གྱི་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དུར་ཚར་གཅིག་འབྱོར་ཐུབ་པ་རེད། དེ་རིང་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱ་རྒྱུ་གཙོ་བོ་དང་། སང་ཉིན་རྟེན་འབྲེལ་བསྟོད་པའི་ཚིག་འགྲེལ་རྒྱག་རྒྱུ་ཡིན། དེ་རྗེས་རྟེན་འབྲེལ་བསྟོད་པའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱས་པ་དེ་བཞིན་ངོ་འཕྲོད་རྗེས་ཤེས་ནས་དད་པ་ཐོབ་པ་ཞིག་དང་དོན་གཉེར་གྱི་འདུན་པ་ནང་ནས་སྐྱེ་རྒྱུ་ཞིག་བྱུང་ན། ཉམས་ལེན་བྱེད་ལུགས་དེ་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱིས་ཉམས་ལེན་བྱེད་སྟངས་སྟོན་གྱི་ཡོད། བཀའ་ཆོས་བྱེད་རྒྱུ་དེ་དག་འཛིན་གྲྭ་ཚོགས་པ་དང་སློབ་སྦྱོང་བྱས་པ་ལྟར་ཡིན། ངོས་ཀྱིས་ནམ་རྒྱུན་བོད་རིགས་ཚོ་དང་དེ་བཞིན་རྒྱ་རིགས་དང་ཀོ་རི་ཡ། ཝི་ཏི་ནམ། ཇར་པན། ནང་པའི་ཡུལ་གྲུ་སྤྱི་དང་། ཡང་སྒོས་ཐེག་ཆེན་གྱི་ཡུལ་གྲུའི་ཆོས་པ་ཚོར་ང་ཚོ་དུས་རབས་ ༢༡ གི་ནང་པ་བྱེད་དགོས་པ་རེད། ཅེས་བརྗོད་བཞིན་ཡོད། དེ་བཞིན་སངས་རྒྱས་པའི་ཆོས་ཤེས་པའི་ཐོག་ནས་དད་པ་བྱེད་དགོས་པ་རེད་མ་གཏོགས་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་མ་ཤེས་པར་དད་པ་བྱས་ན། རྨོངས་དད་ཆགས་ཀྱི་ཡོད་པས་གཏན་པོ་མེད། བོད་ལ་ཡོད་པའི་སངས༌རྒྱས་ཀྱི་ཆོས་དེ་བཞིན་ཁུངས་གཏུག་ས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཀླུ་སྒྲུབ་ཡབ་སྲས་སོགས་ནས་མར་བྱུང་བ་ཞིག་ཆགས་ཡོད། དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་ནང་པའི་ཡུལ་གྲུ་ཚོའི་ནང་ངོས་རང་ལ་ངོ་ཤེས་མང་དག་ཅིག་ཆགས་ཡོང་སྐབས། བོད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་སྤུས་དག་ཤོས་ཆགས་འདུག དེ་ཡང་ངོས་ཀྱིས་སྙན་ངག་ལམ་ནས་འུད་སྒྲོག་བྱས་པ་དེ་འདྲ་མ་རེད། དངོས་ཡོད་གནས་ཚུལ་ལ་ཕན་ཚུན་ཐུག་སྟེ་གོ་བསྡུར་བྱོས་དང་ཧ་ཅང་གསལ་པོ་རེད། གང་ལྟར་བོད་ཀྱི་ནང་ཆོས་དེ་ཆ་ཚང་བ་ཞིག་དང་ཧ་ཅང་སྤུས་དག་པོ་ཞིག་རེད་འདུག དེར་བརྟེན་ངོས་ཀྱིས་འདིར་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་ཧ་ལམ་འཛམ་གླིང་གཅེས་ནོར་རེད་ཅེས་བརྗོད་ཆོག དེ་རིང་ཁ་སང་ཚན་རིག་པ་དང་ལྷན་དཔུང་པ་མཉམ་གཤིབ་བྱས་ནས་སྐད་ཆ་ཤོད་ཐུབ་ཀྱི་ཡོད། དེ་བཞིན་ཚན་རིག་པ་ཚོས་ཀྱང་གདེང་འཇོག་བྱེད་ཀྱི་ཡོད། དེ་ལྟར་ཞིག་ཆགས་སྐབས་ཁྱེད་རང་ཚོ་སོག་ཡུལ་ལ་ཆ་བཞག་ན། བོད་ནས་ཚུར་ནང་ཆོས་དར་བ་རེད། ལྷག་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཕྱག་སྲོལ་དེ་དག་ཚུར་སླེབས་ཡོད། དེར་བརྟེན་གཞུང་ཆེན་སློབ་གཉེར་བརྒྱབ་ནས་ཕལ་ཆེར་མདོ་སྔགས་ཡོངས་སུ་རྫོགས་པར་གོ་བ་བརྟན་པོ་ཆགས་རྒྱུ་དེ་སློབ་གཉེར་བརྒྱབ་ནས་ཡོང་དགོས་ཀྱི་ཡོད་པས་བོད་ཀྱི་ཆོས་དེ་ཐུན་མོང་མ་ཡིན་པ་ཞིག་རེད་འདུག་ཅེས་བཀའ་སློབ་སྩལ་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་གནང་སའི་རྩེད་ཐང་དེའི་ནང་མི་ཆིག་ཁྲི་ཤོང་གི་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་བཀའ་ཆོས་ལག་འཁྱེར་བགོ་འགྲེམས་བྱེད་སྐབས་དུས་ཡུན་ཆུ་ཚོད་གཅིག་གི་ནང་ཚུན་ལ་ལག་འཁྱེར་ཆིག་ཁྲི་ཡོངས་སུ་བགོ་འགྲེམས་ཟིན་ཡོད་པ་མ་ཟད། དད་ལྡན་ཆོས་ཞུར་བཅར་བློ་ཡོད་མཁན་གྱི་མི་མང་ཁྲི་ཚོ་མང་པོར་ལག་འཁྱེར་མེད་པའི་གནས་ཚུལ་ཐོན་འདུག
ཐེངས་འདི་ཆོས་ཞུ་ལ་བཅར་མཁན་ཁོངས་སུ་ཨུ་རུ་སུའི་ཁྱབ་ཁོངས་བྷུར་ཡའི་ནང་པའི་ཡུལ་གྲུ་ནས་གྲོས་ཚོགས་ཀྱི་འཐུས་མི་དང་། དེ་བཞིན་སོག་ཡུལ་གྱི་མཁས་པ་གྲགས་ཆེ་ཤོས་དེ་དག་ཀྱང་བཅར་ཡོད་པ་བཅས། །
༸གོང་ས་མཆོག་གིས་སོག་པོའི་མང་ཚོགས་ཆིག་ཁྲི་བརྒལ་བར་ཆོས་འབྲེལ་སྩལ་བ།
གསར་གནས།
འབྲེལ་གནས།