༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༩ ནས་ ༡༠ བར་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེར་ཉིན་གྲངས་གཉིས་རིང་འགྲེམས་སྟོན་ཤེས་ཡོན་སློབ་སྟོན་པའི་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་ཚེ་རིང་ནོར་བུ་ལགས་ཚོགས་འདུར་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གྱི་འགྲེམས་སྟོན་ཁང་ཡོངས་དང་མཉམ་དུ་མཉམ་འབྲེལ་གྱིས་རྒྱ་གར་ནང་འགྲེམས་སྟོན་ཤེས་ཡོན་སློབ་སྟོན་པའི་གླེང་སྟེགས་ཤིག་བསྐྲུན་སླད་ཡིན་ཞིང་། ཐེངས་འདིའི་ཚོགས་འདུར་ཤེས་ཡོན་སློབ་སྟོན་པ་གྲངས་ ༣༠ ཙམ་དང་། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་གཞུང་དང་གཞུང་ཁོངས་མིན་པའི་འགྲེམས་སྟོན་ཁང་གྲགས་ཅན་ཁག་གི་ཆེད་ལས་པ་རྣམ་པ། གཞན་ཡང་རིག་གཞུང་བསྟི་གནས་ཁང་གི་ཆེད་ལས་མི་སྣ་བཅས་མཉམ་ཞུགས་ཀྱིས་དགོངས་ཚུལ་སྤེལ་རེས་གནང་ཡོད་པ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་ཚེ་རིང་ནོར་བུ་ལགས་ཀྱིས་དུས་ཡུན་སྐར་མ་བཅུའི་རིང་གཏམ་རྒྱུད་ཀྱི་ལམ་ནས་སྤྱན་བསྟར་ཞུས་གནང་བར་ཚོགས་བཅར་བ་ཡོངས་ནས་ཧ་ཅང་དགའ་མོས་གནང་ཡོད་ལ། ཕྱོགས་གཅིག་ནས་ཚོགས་འདུ་དེས་བོད་ཀྱི་འགྲེམས་སྟོན་ཁང་ལ་ཆེད་ལས་མི་སྣ་རྣམས་ཀྱིས་གཙོས་འདུ་ཚོགས་ཆེ་བའི་ཚོགས་བཅར་བ་བྱིངས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཕྱུག་པོ་ངོ་སྤྲོད་ཀྱི་སྡིངས་ཆ་ཤིག་ཀྱང་བསྐྲུན་ཡོད།།