༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་ཐའེ་པེའི་རང་དབང་ཐང་ཆེན་མདུན་དུ་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་འོག་ཐའེ་སྡོད་བོད་རིགས་ཚོགས་པ་དང་གཞོན་ནུ་ཚོགས་པ། ཐའེ་ཝན་དུ་ཡོད་པའི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་མཉམ་རུབ་ཀྱིས་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་གྱིས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་རྒྱ་ཆེའི་ངང་སྲུང་བརྩི་ཞུས་ཡོད་པ་དང་། རྩ་བའི་ཕྱི་ཟླ་ ༣ ཚེས་ ༥ ནས་ཉིན་གསུམ་བཅུའི་དུས་དྲན་སྲུང་བརྩིའི་གོམ་བགྲོད་ཆེན་པོ་སྤེལ་ཟིན་ཡང་། མཆོད་མེ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ནང་དུ་ཐའེ་ཝན་གྱི་གནད་ཡོད་ཆབ་སྲིད་མི་སྣ་དང་མི་མང་། བོད་པ་བཅས་མི་གྲངས་ ༢༠༠ ཙམ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཤིན་ཏུ་མང་པོ་ཕེབས་ཡོད་པ་དང་། ལས་འགུལ་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བདེན་ཚིག་སྨོན་ལམ། མྱ་ངན་གུས་འདུད་གྱི་ངག་བཅད་བཅས་ཞུ་རྗེ་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་རྒྱ་སྐད་ཡིག་གཉིས་ཐོག་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཞུ་དགོས་པའི་དམིགས་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས། ཐའེ་ཝན་མི་མང་གི་རྒྱབ་སྐྱོར་སོགས་ཀྱི་སྐོར་ངོ་སྤྲོད་ཞུས་རྗེས། ཚང་མས་སྐད་གསང་ཆེན་པོའི་ཐོག་བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་རང་དབང་དགོས། བོད་རྒྱལ་ལོ་སོགས་ཀྱི་བོད་སྒྲ་ཤུགས་ཆེ་གཡས་གཡོན་མི་མང་ཚང་མས་གོ་ཐོས་པ་བརྒྱབ་ཡོད་པ་རེད།
དེ་ནས་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་དོན། དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོ་གཞུང་གི་དྲག་པོའི་དམག་བེད་སྤྱོད་བྱས་ཏེ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་ཞི་རྒོལ་ལས་འགུལ་ལ་དྲག་གནོན་བྱས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུས་ཁྲིད་རྣམ་པ་དང་། བོད་ཀྱི་ཁྲིམས་མཐུན་གཞུང་བཙན་བྱོལ་དུ་གྱར་ཏེ་མི་ལོ་ ༦༤ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། རྒྱལ་ཁབ་ཤོར་བའི་ཉིན་མོ། རང་ཡུལ་དུ་ལོགས་མི་ཐུབ་པའི་ཉིན་མོ་ཞིག་ཡིན་སྟབས། འཛམ་གླིང་ས་ཕྱོགས་གང་སར་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་བ་ཚང་མ་ཁྲོམ་གཞུང་ཐོག་ཐོན་ཏེ་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། དེ་རིང་ཐའེ་ཝན་གྱི་མཛད་སྒོའི་ཐོག་དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་དགོས་ཡོད་ཀྱང་། ངས་འདིར་ཚ་ཚང་ཀློག་མི་དགོས་པར་གསུང་འཕྲིན་གྱི་ནང་དོན་སྙིང་བསྡུས་དོན་བདུན་དུ་དབྱེ་བ་ཕྱེ་སྟེ་ཚང་མར་ངོ་སྤྲོད་བྱ་རྒྱུ་ཡིན།ཐོག་མ་གསལ་བཤད་ཞུ་དགོས་པ་ཞིག་ལ། ཐའེ་ཝན་དུ་བོད་མི་ཚུད་པའི་མི་མང་པོ་ཞིག་གིས་ཆོས་ལུགས་པས་ཆབ་སྲིད་ལ་བྱུས་གཏོགས་བྱ་རྒྱུ་མེད་ལུགས་དང་། གསུམ་བཅུའི་དུས་དྲན་དེ་ནི་རྒྱ་ནག་ཁ་བྲལ་གཏོང་བའི་རང་བཙན་གྱི་ལས་འགུལ་ཞིག་ཡིན་སྟབས་དེར་མཉམ་ཞུགས་བྱེད་རྒྱུ་མེད་འཁྱོག་བཤད་ཆེན་པོ་ཞིག་དང་ངོས་འཛིན་ཟབ་པོ་ཞིག་ཡོད་པ་རེད་འདུག དེ་ནི་ནོར་འཁྲུལ་རེད་ཅེས་ཁ་གསལ་པོའི་སྒོ་ནས་ཞུ་འདོད་བྱུང་། གང་ཡིན་ཟེར་ན་གསུམ་བཅུའི་དུས་དྲན་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཞིག་ཡིན་ཅིང་། དེ་ནི་རང་བཙན་དང་དབུ་མའི་ལམ་གྱི་ལས་འགུལ་་མིན་པར་ཕྱི་ལོ་ ༡༩༥༩ ལོར་བོད་མིར་དྲག་གནོན་དང་། དུས་ད་ལྟའི་བར་དུ་བོད་མི་ས་ཡ་གཅིག་དང་ཆིག་འབུམ་ལྷག་དུས་མིན་རྐྱེན་འདས་སུ་ཕྱིན་ཡོད་པ། དགོན་སྡེ་ ༦༠༠༠ ལྷག་ཙམ་གཏོར་བཏང་ཡོད་པ། ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་དུ་བོད་མི་ ༡༥༠ ལྷག་གིས་སྐུ་ལུས་མཆོད་མེར་ཕུལ་ཡོད་པ་མ་ཟད། རྒྱ་དམར་གཞུང་ཇེ་སྡུག་ཇེ་འཁྲེགས་སུ་ཕྱིན་ཏེ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་། བོད་ཕྲུག་གཞོན་སྐྱེས་ས་ཡ་ལས་བརྒལ་བ་བཙོན་ཁང་ལྟ་བུའི་སློབ་གྲྭར་བཙན་བཀག་བྱས་ཏེ་རྒྱ་བསྒྱུར་གྱིས་སློབ་གསོ་ཤུགས་ཆེ་སྤྲོད་བཞིན་པ། བོད་ཀྱི་ཤེས་ཡོན་ཅན་མང་པོ་གང་བྱུང་འཛིན་བཟུང་གིས་རྩ་མེད་གཏོང་བཞིན་པ་བཅས་མི་རིགས་རྩ་མེད་དང་། ཆོས་ལུགས་རྩ་མེད། སྐད་ཡིག་རྩ་མེད་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཐེར་འདོན་དང་། ངོ་རྒོལ་བྱེད་པའི་དུས་དྲན་གྱི་ཉིན་མོ་ཆགས་ཀྱི་ཡོད། དེར་བརྟེན་དེ་རིང་གི་ལས་འགུལ་དེ་ནི་དྲང་བདེན་གྱི་ལས་འགུལ་ཞིག་དང་། དྲང་བདེན་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་ལ་དད་པ་ཡོད་མཁན་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་དུང་ཞེན་ཡོད་མཁན་ཚང་མ་ལས་འགུལ་འདིར་མཉམ་ཞུགས་བྱས་ཏེ་དྲང་བདེན་གྱི་འབོད་སྒྲ་རྣམ་པ་གསལ་བ་ལྟ་བུ་བློ་སྤོབས་ཆེན་པོ་བརྒྱབ་དགོས་རྒྱུ་ཤིན་ཏུ་གལ་ཆེ་སོགས་གསུང་རྗེས། དཔལ་ལྡན་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ནང་དོན་སྙིང་བསྡུས་ངོ་སྤྲོད་ཞུས་པ་དང་། མཛད་སྒོར་ཕེབས་པ་ཚང་མར་ཐུགས་རྗེ་ཆེ་བཅས་ཞུས། དེ་ནས་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཧུང་ཤན་ཧང་ (Hung, Sun – Han) ལགས་དང་ཐའེ་ཝན་ཧ་ཀའི་བློན་ཆེན་སྐུ་ཞབས་ (Yiong Cai-Ziin) ལགས། ཐའེ་ཝན་ (New Power Party) གྱི་གྲོས་ཚོགས་འཐུས་མི་ (Wang Wang Yu) ལགས། ཧོ་ཀོང་གཞོན་སྐྱེས་སྐུ་ཚབ་ (SKY) ཐའེ་ཝན་གཞུང་ཁོངས་མིན་པའི་སྐུ་ཚབ་སུན་ཡུག་ནན་ (Sun You Lian) ལགས་བཅས་མཉམ་ཞུགས་ཀྱི་གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་ཡོད། དེ་ནས་སེར་སྐྱ་མིང་མང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་དང་། རང་དབང་མདུན་ཐང་དུ་མར་མེ་ཁྲོམ་སྐོར་ཞུས་ཏེ་བསང་གསོལ་མཆོད་འབུལ་མྱ་ངན་དང་འབྲེལ་མཛད་སྒོ་ལེགས་པར་གྲུབ་བྱུང་ཡོད་ཅིང་། མཛད་སྒོ་དེ་བཞིན་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་དང་། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྤྱི་ཁྱབ་ལིང་ཤིན་ཨི་ (LIN HSINYI) ལགས་གཉིས་ནས་ཐོག་མཐའ་བར་གསུམ་གཙོ་སྐྱོང་གནང་ཡོད་པ་བཅས། །