༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༡༣ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་སྐུ་ཞབས་ཇོན་ཀོལ་ཀིན་ (Jon Kolkin) ལགས་ཀྱིས་གཉེར་བཞིན་པའི་རྩ་ཆེའི་ལམ་བུ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་ཞིང་། དབུ་འབྱེད་སྐབས་མེག་སི་ཀོའི་གྲོས་ཚོགས་འཐུས་མི་སལ་ཝ་ཊོར་ཀ་རོ་ཀེབ་རི་ར་ (Salvador Caro Cabrera) མཆོག་དང་། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ལྷན་ཞུགས་གནང་ཡོད་པ་རེད།སྐུ་ཞབས་ཇོན་ཀོལ་ཀིན་ལགས་ཀྱིས་འགྲེམས་སྟོན་འདི་ནི་ཁོང་གི་རྒྱབ་ལྗོངས་ཤེས་རྩལ་མི་འདྲ་བ་དང་། དང་འདོད་སྣ་ཚོགས་ཡོད་པ་རྣམས་གཅིག་ཏུ་བསྒྲིལ་ཏེ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཤིག་ཡིན་སྐོར་འགྲེལ་བརྗོད་དང་། ཁོང་ལ་འགྲེམས་སྟོན་གནང་རྒྱུའི་སེམས་འགུལ་ཕྱི་ལོ་ ༢༠༡༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་སྐབས་མགོན་པོ་མཆོག་གིས་འཛམ་གླིང་ཁྱོན་དུ་བྱམས་བརྩེ་སྤེལ་ཐབས་ལ་འབད་དགོས་པའི་བཀའ་སློབ་ཕེབས་པ་ལ་བརྟེན་ནས་བྱུང་ཞེས་གསར་འགོད་པར་ངོ་སྤྲོད་གནང་ཡོད་པ་བཅས།།