༄༅། །བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་ཐོག་ཨོསྟྲེ་ལི་ཡཱའི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Australian All-Party Parliamentary Group for Tibet) ཟུང་སྦྲེལ་ཚོགས་གཙོ་ལྕམ་སྐུ་སུ་སན་ཊམ་པལ་མན་ (Susan Templeman) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇ་ནི་ཊི་ར་ཡེ་སི་ (Janet Rice) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌེ་འན་སི་མི་ཐི་ (Dean Smith) མཆོག་བཅས་ནས་མཚན་འཁོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཨོསྟྲེ་ལི་ཡཱའི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་རྣམས་ནས་དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ངོས་འཛིན་ཞུ་ཡི་ཡོད།
ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ཀྱིས་རང་དབང་སྒེར་ལངས་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་དགོས་བྱུང་ཡོད། དེ་ནས་བཟུང་ལོ་ལྟར་བོད་མི་ཚོས་ཕྱི་ཟླ་ ༠༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད། རྒྱ་ནག་གཞུང་གིས་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཡོད་པ་མ་ཟད། རྒྱ་རིགས་གནས་སྤོའི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ནང་རྒྱ་རིགས་ཕོན་ཆེན་གནས་སྤོ་བྱེད་དུ་བཅུག་པར་བརྟེན་བོད་མི་རྣམས་ད་ཆ་རང་ས་རང་ཡུལ་ནས་གྲངས་ཉུང་མི་རིགས་སུ་གྱུར་ཡོད།
ང་ཚོས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་རྣམ་པས་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ནང་བོད་པའི་ཕྲུ་གུ་ས་ཡ་གཅིག་ཙམ་ནང་མི་དང་ཁ་བྲལ་བཅུག་སྟེ་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ཡོད་པའི་སྐོར་བསྒྲགས་གཏམ་སྤེལ་བ་དེ་སླར་ཡང་ནན་ཏན་དུ་ཞུ་ཡི་ཡོད། ཨོསྟྲེ་ལི་ཡཱའི་ངོས་ནས་མུ་མཐུད་རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་སློབ་གཉེར་ཁང་དང་དགོན་སྡེ་སོགས་ཤེས་ཡོན་གྱི་བསྟི་གནས་ཁག་ཏུ་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་བོད་མིའི་རིག་གཞུང་ཧན་མི་རིགས་ཀྱི་རིག་གཞུང་ཅན་དུ་སྒྱུར་ཐབས་ཀྱི་རིག་གཞུང་སིམ་ཡལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་གླེང་སློང་གནང་དགོས།
ང་ཚོས། ལོ་ངོ་ཉེར་བརྒྱད་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གར་སོང་ཆ་མེད་དུ་གྱུར་བ་མཚོན་པའི་བོད་ནང་ཆོས་དད་ཀྱི་རང་དབང་མེད་པའི་སྐོར་གླེང་སློང་གནང་དགོས་པ་མ་ཟད། ཨོསྟྲེ་ལི་ཡཱའི་གཞུང་གིས། བོད་མི་རྣམས་ཀྱིས་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་བ་ཁོ་ན་ངོས་འཛིན་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༤ པའི་ཉིན་མོར་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ནི་གཞི་རྩའི་ཐོབ་ཐང་ཡིན་པས་ངེས་པར་བརྩི་བཀུར་ཞུ་དགོས་འབོད་སྐུལ་ཞུ་རྒྱུ་ཡིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་སྟབས། དེའི་འགན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོར་འཁུར་དུ་འཇུག་དགོས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བོད་ནང་དབང་བསྒྱུར་བྱས་པའི་རིང་བོད་མིའི་རང་དབང་གི་འདུ་ཤེས་ད་དུང་མུ་མཐུད་ཤུགས་ཆེར་འགྲོ་བཞིན་པ་དེ་བོད་མི་ཚོས་ཨོསྟྲེ་ལི་ཡཱའི་རྒྱལ་ཡོངས་སུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ་ལས་ཁུངས་སྐྱེལ་ར་འཕྲོད་བྱུང་ཡོད། ང་ཚོས་དེ་རིང་དང་དུས་རྟག་ཏུ་བོད་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
གཞན་ཡང་ཕྱི་ཟླ་ ༠༣ ཚེས་ ༠༧ ཉིན་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇ་ནི་ཊི་ར་ཡེ་སི་ (Janet Rice) མཆོག་གིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་གལ་གནད་སྐོར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ཀྱིས་རང་དབང་སྒེར་ལངས་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་དགོས་བྱུང་ཡོད། རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་དང་བོད་མིའི་རིག་གཞུང་ཐོག་དམ་བསྒྲགས་བྱས་དང་བྱེད་བཞིན་ཡོད། བོད་ནང་གི་བོད་མི་ཚོས་ཞི་བའི་སྒོ་ནས་ངོ་རྒོལ་གནང་བ་ཡིན་ན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་ཀྱི་ཡོད། ངས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གར་སོང་ཆ་མེད་དུ་གྱུར་བ་སེམས་ཁུར་བྱེད་ཀྱི་ཡོད།
ང་ཚོས། བོད་མི་རྣམས་ཀྱིས་མ་འོངས་པར་རྒྱ་ནག་གཞུང་གི་ཐེ་བྱུས་མེད་པར་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་བ་ཁོ་ན་ངོས་འཛིན་ཞུ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ལ་ཞུ་རྒྱུར། ང་ཚོ་ཁྱེད་ཚོ་དང་མཉམ་དུ་གདུང་སེམས་མཉམ་སྐྱེ་ཞུ་ཡི་ཡོད། ང་ཚོས་རྒྱ་ནག་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ལ། དེ་བཞིན་ཨོསྟྲེ་ལི་ཡཱའི་གཞུང་ལ་བོད་དང་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཚད་མཐོ་ཤོས་ཀྱི་ཞུ་གཏུག་གནང་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་འཁོད་ཡོད་པ་བཅས།།