༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༠ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་ལོ་ངོ་ ༦༤ འཁོར་བར་དཔའ་བོ་དང་དཔའ་མོ་རྣམས་ནས་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་མཆོད་མེ་ཕུལ་གནང་བའི་རླབས་ཆེའི་མཛད་རྗེས་ལ་དྲན་གསོ་ཞུ་བ་དང་ཆབས་གཅིག་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་མདུན་ལམ་ལ་འབད་བརྩོན་སྔར་ལྷག་ཞུ་རྒྱུའི་དམ་བཅའ་དང་འབྲེལ་མཛད་སྒོ་སྲུང་བརྩི་ཞུས།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་ཕྱོགས་བཞུགས་སྤྱི་འཐུས་དང་། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན། ས་འཐུས་རྣམ་པ། ས་གནས་རང་བདེན་ཚོགས་གཙོ་དང་རྒྱུན་ལས། མཉམ་སྦྲེལ་ཚོགས་གཙོ་དང་དྲུང་ཆེ། སློབ་གྲྭ་ཁག་གི་འགན་འཛིན་གྱིས་གཙོས་དགེ་ཆེ་དང་དགེ་ལས། བོད་རྒྱ་སྨན་ཁང་གཉིས་ཀྱི་འགན་འཛིན། ཕྱག་མཛོད་དང་སྤྱི་མི། གཞིས་མཉམ་འཕྲོད་གསུམ་དང་སྨན་རྩིས་ཁང་གི་ལས་བྱེད། དམག་ཟུར་ཚོགས་གཙོ་དང་རྒྱུན་ལས། གཞིས་སྤྱི་ལྷན་ཚོགས་འགན་འཛིན། ས་གནས་གཞོན་ནུ་དང་བེུད་གཉིས་ཀྱི་ཚོགས་གཙོ་དང་རྒྱུན་ལས། ཕ་འཐུས། མི་མང་བཅས་གཞིས་སྤྱིའི་ནོར་བུ་རིར་འདུ་འཛོམས་བྱུང་རྗེས། མཛད་གཙོ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་དཔར་མཐོོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ནས་སྲུང་མ་དམར་ནག་གཉིས་གཙོས་པའི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས་ལ་བསང་གསོལ་གནང་།
དེ་རྗེས་ཆུ་ཚོད་ ༩།༣༠ ལ་གཞིས་སྤྱིའི་མི་མང་ཚོགས་ཁང་དུ་ཚང་འཛོམས་བྱུང་རྗེས་སམ་བྷོ་ཊའི་འཛིན་རིམ་གོང་མའི་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་བཅས་གསུམ་བཅུའི་དྲན་གླུ་འབུལ། དེ་རྗེས་རོལ་དབྱངས་དང་བཅས་འཕགས་བོད་རྒྱལ་གླུ་དང་། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་དང་སྐུ་ལུས་མཆོད་མེ་ཕུལ་བའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་རྗེས་སམ་བྷོ་ཊ་འཛིན་རིམ་གོང་མའི་གཏན་ཉིན་སློབ་ཕྲུག་རྣམས་ཀྱིས་དབུ་འཛུགས་ཐོག་བདེན་ཚིག་སྨོན་ལམ་གདངས་འཐེན་གནང་།
དེ་ནས་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་། དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་།
དེ་རྗེས་གྲོང་སྡེ་སོ་སོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྔ་རྗེས་རང་སྲོག་བློས་བཏང་དང་སྐུ་ལུས་མཆོད་མེར་ཕུལ་བའི་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་སེར་སྐྱ་མང་ཚོགས་ནས་རླབས་ཆེའི་མཛད་རྗེས་ལ་དྲན་གསོ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཆུ་ཚོད་ ༡ རིང་སྨོན་ལམ་དང་། ༸རྒྱལ་བའི་ཞབས་བརྟན། སྒྲོལ་མའི་གཟུངས་སྔགས། གུ་རུའི་གཟུངས་སྔགས་གསུང་འདོན་གནང་ཡོད་པ་བཅས། །