༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༤ དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཉིན་མོའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mikuláš Peksa) ལགས་དང་། དམིགས་བསལ་སྐུ་མགྲོན་མེཀ་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཁ་རོ་ (Salvador Caro Cabrera) ལགས། ལི་ཐུའི་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སི་ཝ་ལིན་སི་ཀསི་ (Arunas Valinskas) ལགས། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་ཐེབས་རྩའི་གཙོ་འཛིན་སྐུ་ཞབས་ཌེ་མོན་ཝིལ་སན་ (Damon Wilson) ལགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་།
དེ་ནས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་བཏང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་ཐེབས་རྩའི་གཙོ་འཛིན་སྐུ་ཞབས་ཌེ་མོན་ཝིལ་སན་ (Damon Wilson) ལགས་དང་། ལི་ཐུའི་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སི་ཝ་ལིན་སི་ཀསི་ (Arunas Valinskas) ལགས། མེཀ་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཁ་རོ་ (Salvador Caro Cabrera) ལགས་བཅས་ཀྱིས་གསུང་བཤད་གནང་རྗེས་ལྕམ་སྐུ་ (Julieta Mejia Ibanez) ལགས་ཀྱིས་མེཀ་སི་ཀོ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྒྲོགས་སྦྱང་གནང་བའི་ནང་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཡོངས་རྫོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་ཚོགས་ཁོ་ནར་ཡོད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡིན་པར་བརྟེན་རྒྱལ་ཁབ་སུ་འདྲ་ཞིག་གིས་དེའི་ཐོག་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད། ཅེས་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mikuláš Peksa) ལགས་ཀྱིས་གསུང་བཤད་གནང་རྗེས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་སྟེ་གཞུང་འབྲེལ་མཛད་སྒོ་གྲོལ་ཡོད་པ་བཅས། །