༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༠༦ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་ནས་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་དང་ཉམས་ཞིབ་པ་སྐུ་ཞབས་མ་ཡི་ཀེལ་ཝན་ཝལ་ཊ་ཝན་པ་རག་ (Michael van Walt van Praag) ལགས། སློབ་དཔོན་ཆེན་མོ་ཕི་ཤར་(M. Fischer) ལགས་བཅས་མགྲོན་འབོད་གནང་སྟེ་བོད་དོན་སྐོར་ཚོགས་འདུ་ཞིག་ཚོགས་ཡོད།
ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་རིན་ཧར་ཌི་ (Reinhard Bütikofer) ལགས་ཀྱིས། ཉེ་བའི་ཆར་ཡུ་རོབ་གྲོས་ཚོགས་ནས་ཤར་ཏུར་གི་སི་ཐན་དང་། ཧོང་ཀོང་། ཐའེ་ཝན་བཅས་ལ་ཐུགས་སྣང་མང་ཙམ་གནང་གི་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ངེས་པར་དུ་བོད་དོན་སྐོར་ལའང་སྣང་མེད་དུ་འཇོག་རྒྱུ་མེད། ཅེས་གསུངས།
དེ་ཡང་ཆུ་ཚོད་གཅིག་དང་ཕྱེད་ཀ་རིང་གི་ཚོགས་འདུའི་སྐབས་ཚོགས་བཅར་བ་ཡོངས་ནས་བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བཞིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་བདག་དབང་རྩོད་ཀྱི་ཡོད་པ་སོགས་ཀྱི་སྐོར་དགོངས་ཚུལ་སྤེལ་རེས་གནང་ཡོད།
གསུང་བཤད་གནང་མཁན་རྣམས་ཀྱིས་ཡུ་རོབ་མཐུན་ཚོགས་ལ་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་སྐུ་ཚབ་ཅིག་བསྐོ་བཞག་གནང་དགོས་པའི་འབོད་སྐུལ་དང་། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་ཞི་བའི་སྒོ་ནས་སེལ་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་དགོས་པའི་སྐུལ་མ་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་ཡོད། ཚོགས་འདུར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ཁག་གཅིག་དང་ཕྱག་རོགས་རྣམ་པ། ཡུ་རོབ་མཐུན་ཚོགས་ཀྱི་ལས་བྱེད། སྦེལ་ཇམ་སྐུ་ཚབ་དོན་ཁང་གི་ལས་བྱེད། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད།།