༄༅། །བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ལོའི་ཟླ་བ་ ༡ ཚེས་ ༡༥ དང་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༧ ཉིན་ཏེ་ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤོས་སྣེས་སྔུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་དང་། དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་ཕེབས་བསུ་དང་བཅས་བཞུགས་ཁྲིར་འཁོད་མཚམས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཞལ་འདོན་རིམ་པར་བསྐྱངས་རྗེས་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཁྲི་རིན་པོ་ཆེ་སོགས་ཀྱིས་མཇལ་ཁ་ཞུས་གྲུབ་མཚམས་བཀའ་སློབ་སྩལ་དོན། ནམ་རྒྱུན་ལྷ་སར་སྨོན་ལམ་ཆེན་མོ་འཚོགས་པའི་ཕྱག་སྲོལ་དར་ནས་ཕལ་ཆེར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཕྱིན་པ་རེད། བོད་ལ་ནམ་རྒྱུན་ལྟར་སྨོན་ལམ་ཆེན་མོ་སོགས་འཚོག་རྒྱུར་གནས་སྐབས་དཀའ་ངལ་འཕྲད་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོས་བོད་རྒྱ་ཆེའི་མི་མང་གི་བསྟན་པ་དང་འགྲོ་བའི་དོན་དུ་ལྷག་བསམ་སྙིང་སྟོབས་ཡོད་པ་དེ་མུ་མཐུད་དུ་འཁྱེར་ནས་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་ཀྱང་། སྔོན་གྱི་སྐྱེས་བུ་དམ་པ་ཚོའི་ཕྱག་བཞེས་ཇི་ལྟར་ཡོད་པ་མུ་མཐུད་ནས་རྒྱུན་བཟུང་བ་དེ་ལྟར་རེད། ནམ་རྒྱུན་སྨོན་ལམ་ལ་སྐྱེས་རབས་ཀྱི་གསུང་ཆོས་གནང་སྲོལ་ཞིག་ཡོད་པ་རེད། དེ་རིང་འདིར་སྐྱེས་རབས་ཞུ་རྒྱུ་ཡིན། སྐུ་གོང་མ་ལ་ཐུབ་བསྟན་རྒྱ་མཚོ་ཞེས་ཞུ་གི་ཡོད། བསྟན་པའི་མིང་མ་གཏོགས་གཞན་མེད། ངོས་ཀྱི་མིང་ནི་བསྟན་འཛིན་རྒྱ་མཚོ་ཞེས་བསྟན་པ་འཛིན་མཁན་གྱི་མིང་རེད། སྐུ་མདུན་སྐུ་གོང་མ་དྭགས་པོ་ནས་ཕེབས་པ་ལ་ཐུབ་བསྟན་རྒྱ་མཚོ་ཞེས་ཟེར་བ་དང་། ངོས་རང་ཟི་ལིང་ནས་ཡོང་བ་འདི་བསྟན་པ་འཛིན་མཁན་ཆགས་ཏེ་བསྟན་འཛིན་རྒྱ་མཚོ་ཞེས་རྗོད་ཀྱི་ཡོད་པ་རེད།
ངོས་ཀྱི་མཆོད་བཤམས་ནང་རྗེ་རིན་པོ་ཆེའི་སྐུ་བརྙན་ཡོད་པ་རེད། མཆོད་མཇལ་ཞུ་དུས་རྗེ་རིན་པོ་ཆེ་མཇལ་སྐབས་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་ཞེས་རྒྱུན་དུ་དྲན་གྱི་འདུག རྗེ་རིན་པོ་ཆེ་འཁྲུངས་ས་དང་ངོས་རང་སྐྱེས་ས་ཐག་ཉེ་པོ་རེད། རྗེ་རིན་པོ་ཆེ་དུས་ཚོད་དེ་འདྲ་ཞིག་ལ་བོད་ལ་ཕེབས་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལ་དངོས་གནས་དྲང་གནས་དག་ཐེར་གནང་དགོས་སར་དག་ཐེར་གནང་སྟེ། གང་ལྟར་བསླབ་པ་གསུམ་གྱི་ཉམས་ལེན་དང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་ཧ་ཅང་སྤུས་དག་པོ་ཞིག་བཙུགས་གནང་པ་རེད་འདུག དེར་བརྟེན་ངོས་ཀྱིས་རྗེ་རིན་པོ་ཆེས་མཛད་པ་ཇི་ལྟར་བསྐྱངས་པ་རྣམས་མཇུག་མཐུད་ཐུབ་པ་ཞིག་ལ་རྟག་པར་སྨོན་ལམ་རྒྱག་བཞིན་ཡོད། རྗེ་རིན་པོ་ཆེ་ཨ་མདོ་རེད། ངོས་རང་ཡང་ཨ་མདོ་རྗེ་རིན་པོ་ཆེའི་ཞབས་འདྲེན་མ་ཞུས་མཁན་ཞིག་ཡིན། མ་གཞི་ནས་ངོས་ཀྱིས་ཕལ་ཆེར་དེ་སྔ་ཞུས་ཡོད། དེ་སྔ་ཟི་ལིང་མཱ་ཀྲུའུ་ཞིས་ངོས་ཀྱི་གདོང་ལ་བལྟ་སྐབས་ངོས་རང་ཞེད་སྣང་ཁྱོན་ནས་མེད་པར་ཧ་ཅང་རྫིག་པོ་བྱས་ནས་བསྡད་པས་ཟི་ལིང་མཱ་ཀྲུའུ་ཞིས་ཏཱ་ལའི་བླ་མའི་ཡང་སྲིད་བོད་གཞུང་གིས་ད་དུང་གསལ་བསྒྲགས་བྱས་མེད་ནའང་ངས་བལྟས་ན་ཏཱ་ལའི་བླ་མའི་ཡང་སྲིད་ཕྲུ་གུ་འདི་མ་གཏོགས་འགྲོ་ས་ཡོད་པ་མ་རེད་ཅེས་ཟི་ལིང་མཱ་ཀྲུའུ་ཞིས་ངོས་ལ་ཆ་འཇོག་གང་ཙམ་བྱས་པ་རེད། དེ་དུས་ངོས་རང་ལོ་གཉིས་གསུམ་བཞི་ཙམ་རེད། ངོས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་འདི་འདྲ་ཞིག་ལ་ངོས་ཀྱིས་སྤྱི་སྒེར་གྱི་བསྟན་པའི་ཞབས་འདེགས་ལྷག་བསམ་རྣམ་དག་གིས་སྒྲུབ་པ་ཡིན་ལ་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཐོན་ཡོད་པ་ཞིག་རེད།ངོས་ཀྱིས་རྒྱུན་དུ། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་གནས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་སྨོན་ལམ་འདི་རྒྱག་གི་ཡོད། སྔར་སངས་རྒྱས་ཀྱི་བསྟན་པ་མ་དར་སའི་ནུབ་ཕྱོགས་ལུང་པ་ཚོའི་ནང་དུ་དོ་སྣང་གསར་པ་བྱས་ཏེ་ཧ་ཅང་ཡག་པོ་རེད། ལྷག་པར་སེམས་ཁམས་རིག་པའི་ཐོག་ལ་ཚན་རིག་པའི་ནང་དུའང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག ཧ་ཅང་ཡག་པོ་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་རྒྱ་ཧོར་བོད་གསུམ་ཞེས་པ་དེ་དག་ནི་སྔར་སངས་རྒྱས་ཀྱི་བསྟན་པ་དར་ནས་བར་སྐབས་དར་རྒུད་སྣ་ཚོགས་བྱུང་བ་མ་གཏོགས་གཞན་ཡོངས་སུ་རྫོགས་པའི་བསྟན་པ་ཆེས་ཆེར་དར་ཡོད་སྟབས། འཛམ་གླིང་གི་འགྱུར་འགྲོས་ལ་བལྟས་ཡོང་དུས་རྒྱ་ཧོར་བོད་གསུམ་དུ་དེ་སྔ་སངས་རྒྱས་ཀྱི་བསྟན་པ་ཁྱབ་ཅིང་། བར་སྐབས་ཉམས་པ་དེ་སླར་གསོ་ཐུབ་པ་ཞིག་ལ་ངོས་ཀྱིས་ཞབས་འདེགས་ངེས་ཅན་ཞིག་སྒྲུབ་ཐུབ་པའི་ཕྱི་དང་ནང་གི་རྟགས་མཚན་མང་པོ་ཞིག་ཐོན་ཡོང་གི་འདུག དེར་བརྟེན་ངོས་ཀྱི་ངོས་ནས་སེམས་ཤུགས་བསྐྱེད་དེ་སྔར་བསྟན་པ་དར་བ་དང་། བར་སྐབས་བསྟན་པ་ཉམས་པ་དེ་དག་དངོས་གནས་ཉམས་པ་སོར་ཆུད་ནས་༸རྒྱལ་དབང་གི་མིང་ཐོགས་པ་ནང་བཞིན་ངོས་ཀྱིས་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་ཞིག་སྒྲུབ་བསམ་པའི་སེམས་ཤུགས་སྐྱེད་བཞིན་ཡོད། ཁྱོད་ཚོ་ཚང་མས་ཐུགས་སྨོན་གནང་ཤོགཆོས་ཉམས་ལེན་བྱེད་པ་ནི་མི་གཅིག་གིས་ཁ་ནས་བཤད་པ་ཙམ་མ་རེད། ང་ཚོ་ཚང་མས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་སོ་སོས་བྱས་ཏེ། དེ་ལྟ་བུའི་ལུང་རྟོགས་ཀྱི་ཉམས་མྱོང་ཡོད་པའི་མི་གཅིག་བྱུང་ན་བསྟན་པ་ལ་ཕན་བཞིན་ཡོད། བརྒྱ་བྱུང་ན་དེའི་ཚོད་ཀྱིས་བསྟན་པ་ལ་ཕན་པ་རེད། སྟོང་བྱུང་ན་དེ་བཞིན་དུ་ཕན་བཞིན་ཡོད། བོད་གངས་ཅན་གྱི་ལྗོངས་སུ་མཁན་ཆེན་ཞི་བ་འཚོ་སོགས་ཆོས་རྒྱལ་ཚོའི་བཀའ་དྲིན་ལ་བརྟེན་ནས་གཞན་ལ་སྨོན་མི་དགོས་པའི་ནཱ་ལེནྡྲའི་བསྟན་པ་ཡོངས་སུ་རྫོགས་པ་བྱུང་ཡོད་པ་འདི་སླར་ཡང་སོར་ཆུད་པ་ཞིག་དང་། རྒྱ་ནག་ཏུའང་ནང་པའི་བསྟན་པ་དར་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་སྔར་ཡིན་ནའང་ཧ་ཅང་མང་པོ་བྱུང་ཡོད་པ་མ་ཟད། ད་ལྟ་ཡིན་ནའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་བཟོ་འདྲ་ཞིག་འདུག
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་གནས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པ་ལྟར་ངོས་ཀྱིས་སྙིང་སྟོབས་བསྐྱེད་དེ་རྒྱ་ཧོར་བོད་གསུམ་གྱི་ཡུལ་གྲུ་དེ་དག་ལ་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡག་པོ་ཞིག་ཡོང་ཐུབ་པར་ཚིག་སྐམ་པོ་ཙམ་བཤད་པ་མ་ཡིན་པར། ངོ་ཐོག་རྒྱུད་ཐོག་ལ་སྦྱར་ནས་བསླབ་པ་གསུམ་གྱི་ཉམས་ལེན་ཚད་ལྡན་ཡོང་ཐུབ་པ་ཞིག་ལ་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད་པ་མ་ཟད། འབད་བརྩོན་ཡང་བྱེད་བཞིན་ཡོད། དེ་རིང་འདིར་འཛོམས་པའི་ཆོས་གྲོགས་ཚོས་འདི་དགོངས་པར་འཇགས་རོགས།སྔོན་ལ་སོ་སོ་རང་ཉིད་ལའང་བསླབ་པ་གསུམ་གྱི་ཉམས་ལེན་ཁ་ཡོད་ལག་ཡོད་ཅིག་བྱེད་རྒྱུ་ཡོད་པ་དང་། སོ་སོའི་བྱེད་སྟངས་ཀྱི་མིག་དཔེ་རོགས་པ་གཅིག བཅུ། བརྒྱ། སྟོང་ལ་རིམ་པས་ཐོན་ཐུབ་པ་ཞིག་ལ་ཚང་མས་ཧུར་ཐག་གནང་ཤོག་ཨང་། བརྟག་དཔྱད་རིམ་པར་བྱེད་ཡོང་དུས་གང་ལྟར་རྒྱ་ནག་ཏུ་འགྱུར་བ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་བོད་དོན་སྲིད་བྱུས་ལའང་འགྱུར་བ་འགྲོ་བའི་བཟོ་ལྟ་ཧ་ཅང་གསལ་པོ་རེད། དེར་བརྟེན་ངོས་ཀྱིས་དུས་ད་ལྟ་བར་དུ་རྗེ་རིན་པོ་ཆེ་ཆོས་རྗེ་བློ་བཟང་གྲགས་པའི་ཕ་ཡུལ་གཅིག་པ་ཡིན་ལ་ཧུར་ཐག་འབད་བརྩོན་བྱས་པ་དེ་ལྟར་ཡིན། རིང་པོར་མི་ཐོགས་པར་རྒྱ་ཧོར་བོད་གསུམ་ལ་ཡོངས་སུ་རྫོགས་པའི་རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཞིག་ཡོང་ཐུབ་པ་ཕལ་ཆེར་ཡིད་ཆེས་ཡོད། དེ་ལུགས་ཀྱིས་ཁྱོད་ཚོ་ཚང་མས་སྔོན་ལ་མི་ལ་ཆོས་བཤད་ནས་རྒྱུད་དུལ་བ་དགོས་ཞེས་མ་བརྗོད་པའི་སྔོན་དུ་སོ་སོས་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་བྱས་པའི་དོན་ལ་ཉམས་ལེན་གྱིས་ག་ཚོད་ཐུབ་ཐུབ་ཀྱིས་མྱོང་བ་བསྐྱེད་ཐུབ་པ་ཞིག་བྱུང་ན་གོ་རིག་ཟུང་འཇུག་གི་ཐོག་ནས་མི་ལ་ཆོས་བཤད་ཐུབ་པ་ཞིག་རེད།ང་ཚོ་བཙན་བྱོལ་བའི་ནང་ནས་བཙན་བྱོལ་བ་ཕལ་ཆེར་གྲ་འགྲིག་ཤོས་ཤིག་ཆགས་ཡོད། བཙན་བྱོལ་བ་ཙམ་མ་ཡིན་པར་ལུང་པ་བྲལ་ཡོད་ཀྱང་སོ་སོའི་ཆོས་དང་རིག་གཞུང་ལ་བདག་པོ་བརྒྱབ་རྒྱུ་དེ་མིས་སྨོན་དགོས་པའི་བདག་པོ་བརྒྱབ་ཡོད་པ་དེ་ལྟར་རེད། ཚང་མས་ཧུར་ཐག་གནང་ཤོག སངས་རྒྱས་བཅོམ་ལྡན་འདས་འཁྲུངས་ནས་འཁོར་བར་སྙིང་པོ་མེད་པ་གཟིགས་ཏེ་ལོ་དྲུག་དཀའ་སྤྱད་མཛད་པ་རེད། གང་ལྟར་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་གྱི་སྟོན་པ་ཚོས་ཆ་རྐྱེན་གྱི་ཐོག་ནས་གཙུག་ལག་ཁང་བཞེངས་རྒྱུ་སོགས་ཡོང་གི་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་སྤྱད་མཛད་དེ་རི་ཁྲོད་པ་རང་གནང་འདུག བཅོམ་ལྡན་འདས་ཀྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་སྟེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བ་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ཟིན་པའམ་འཚང་རྒྱ་བར་རྒྱུར་པའི་ཚད་ལ་སླེབ་ཡོད་ནའང་གདུལ་བྱ་ཚོ་ལ་ཁམས་དང་མོས་པར་འཚམ་པའི་བླང་དོར་གྱི་གནས་བསྟན་ནས་རིམ་བཞིན་སྟོན་པའི་རྗེས་འབྲང་རྣལ་མ་ཞིག་ཡོང་བའི་འབད་བརྩོན་གནང་བ་རེད། བཅོམ་ལྡན་འདས་ཀྱིས་དེ་ལྟར་འབད་བརྩོན་གནང་བའི་འབྲས་བུ་དུས་ད་ལྟ་ཡིན་ནའང་འཛམ་གླིང་འདིའི་སྟེང་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲང་གིས་བཤད་དགོས་བྱུང་ན་བཤད་རྒྱུ་ཡོད་པ་དང་། བསྒོམས་པའི་ཉམས་མྱོང་ཡོད་པ། དེ་འདྲའི་བཤད་སྒྲུབ་ཟུང་སྦྲེལ་གྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་འདིའི་སྟེང་འདི་ལྟར་མུ་མཐུད་གནས་པ་ཙམ་དུ་མ་ཟད། ཕྱིས་སུ་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་ཡབ་སྲས་ལ་སོགས་པ་དེ་ཚོའི་གྲས་ཀྱིས་ལུང་དང་རིགས་པའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་ཞིག་ཡིན་པ་དེ་རིགས་པས་བསྒྲུབས་ནས་ལུང་ཙམ་ལ་སྐྱབས་སུ་མཆི་བ་མིན་པར་རིགས་པས་བསྒྲུབ་རྒྱུ་ཞིག་བོད་ལ་ལུགས་སྲོལ་ཡོད་པ་རེད།
རྟགས་གསལ་གཏོང་བའི་སྐབས་སུ་ལུང་དྲངས་ཡོང་དུས་ལུང་ལ་གུས་ཞབས་ཀྱི་དོན་དུ་ཞྭ་མོ་མར་ཕུད་པ་དང་། ལུང་དྲངས་ཟིན་རྗེས་ཞྭ་མོ་ཡར་གྱོན་ནས་ཁྱབ་པ་མ་བྱུང་། ལུང་འདི་ལྟར་ཡོད་ནའང་ང་ཚོས་རིགས་པར་གཙོ་བོ་སྟེན་གྱི་ཡོད་པ་མ་གཏོགས་ལུང་ཙམ་ལ་སྐྱབས་སུ་མཆི་ཡི་ཡོད་པ་མ་རེད་ཟེར་བ་དེ་རེད། འདི་ཡག་པོ་རེད་འདུག མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོས་རིགས་པར་གཙོ་བོ་སྟེན་བཞིན་ཡོད། དུས་ད་ལྟ་རྒྱ་ཧོར་བོད་གསུམ་ལ་སངས་རྒྱས་པའི་བསྟན་པ་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཕལ་ཆེར་བོད་གཅིག་པུ་རེད།
ཆེན་པོ་ཧོར་གྱི་ཡུལ་ཁག་ཏུ་དེ་སྔ་ཧ་ཅང་ཡག་པོ་བྱུང་བ་རེད། འོན་ཀྱང་བར་སྐབས་དར་རྒུད་སྣ་ཚོགས་བྱུང་བ་རེད། རྒྱ་ནག་ནང་དུ་ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་རྒྱ་ནག་ནང་པའི་ལུང་པ་རེད། སྔ་མོ་ངོས་རང་རྒྱ་ནག་ཏུ་སླེབས་ནས་ས་ཆ་མང་པོར་འགྲོ་མྱོང་། ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག སྔར་རྒྱ་ནག་ཏུ་ནང་པའི་ཆོས་རྒྱ་ཆེན་པོ་དར་བའི་ལུང་པ་ཞིག་ཆགས་འདུག དེར་བརྟེན་སངས་རྒྱས་པའི་བསྟན་པ་སྔར་དར་བ་དང་། བར་སྐབས་ཉམས་པ་དེ་སོར་ཆུད་ནས་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་ཇི་ལྟར་ཐུགས་སྨོན་གནང་བ་ནང་བཞིན་ད་ལྟའི་དུས་སུ་རིང་པོར་མི་ཐོགས་པར་རྒྱ་ནག་ནང་དུ་སངས་རྒྱས་ཀྱི་ཆོས་འདི་རིམ་པས་ཡག་པོ་སྤེལ་ཐུབ་པ་ཞིག་ཡོང་བར་རྒྱ་མི་ཤེས་ཡོན་ཅན་ཚོར་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཇི་འདྲ་ཡོད་པའི་སྤུས་ཀ་ལྟ་བུ་འདི་ནས་སྟོན་དགོས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་འདྲ་འདྲའི་ནང་ནས་མི་འདྲ་བར་ནང་པའི་ཆོས་ཉམས་ལེན་བྱེད་བཞིན་འདུག་སྙམ་པའི་ཡིད་སྨོན་བསྐྱེད་རྒྱུ་ཞིག་བྱུང་བ་ཡིན་ན། དེས་མ་འོངས་པར་རྒྱ་ཧོར་བོད་གསུམ་གྱི་ས་ཁུལ་དང་། ལྷག་པར་རྒྱ་ནག་ནང་དུ་ནང་པའི་བསྟན་པ་ཡག་པོ་ཞིག་དར་ཐུབ་པ་འདུག ཚང་མས་ཧུར་སྐྱེད་གནང་རོགས་གནང་།
རྗེ་རིན་པོ་ཆེ་དང་ངེད་གཉིས་ཕ་ཡུལ་གཅིག་པ་རེད། རྗེ་རིན་པོ་ཆེ་འཁྲུངས་ས་དང་ངོས་རང་སྐྱེས་ས་ཐག་ཉེ་པོ་རེད། དུས་ཚོད་དེའི་སྐབས་སུ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པས་མཛད་རྗེས་ཆེན་པོ་བཞག་ཡོད། དེ་རིང་གི་དུས་ཚོད་འདིའི་སྐབས་སུ་རྗེ་རིན་པོ་ཆེའི་འཁྲུངས་ཡུལ་ནས་སྐྱེས་པའི་བསྟན་འཛིན་རྒྱ་མཚོ་ཞེས་པ་དང་། ཆུང་དུས་སྐབས་ལྷ་མོ་དོན་གྲུབ་ཟེར་བ་རེད། ལྷ་མོའི་བླ་མཚོ་ནས་ཧ་ཅང་གསལ་པོ་བསྟན་པ་རེད། དཔལ་ལྡན་ལྷ་མོའི་ཐུགས་རེ་གནང་བ་ཞིག་ཀྱང་ཆགས་ཡོད། ད་བར་ཧུར་ཐག་བྱས་པ་ཡིན། བོད་ཀྱི་ཆབ་སྲིད་སོགས་གནས་ཚུལ་མང་པོ་ཞིག་ལ་དར་རྒུད་སྣ་ཚོགས་ཀྱི་རྐྱེན་མང་པོ་འཕྲད་པ་རེད་དེ་ངོས་ཀྱིས་དེའི་ནང་གདོང་ལེན་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་བར་ཧུར་ཐག་བྱས་པ་ཡིན། ཁྱེད་རང་ཚོ་ཚང་མས་མུ་མཐུད་ནས་ཧུར་ཐག་གནང་ཤོག ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་པ་དང་། མཐར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་ཆོས་འབྲེལ་གནང་སྒོ་ཁག་ལེགས་པར་གྲུབ་ཡོད་པ་བཅས། །