༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་དང་པོའི་ཐོག་ཐའེ་སྡོད་བོད་རིགས་ཚོགས་པ་དང་གཞོན་ནུ་ཚོགས་པས་གོ་སྒྲིག་དང་། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ ༢༠ ལྷག་གིས་གཞོགས་འདེགས། སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་འོག་ཐའེ་ཝན་གནས་བཞུགས་བོད་མི་སེར་སྐྱ་མི་མང་དང་ཐའེ་ཝན་བོད་དོན་རྒྱབ་སྐྱོར་བ་ ༦༠༠ ཙམ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་གྱི་ས་གནས་ (Zhongxiao Fuxing) མེ་འཁོར་འབབ་ཚུགས་ཀྱི་མདུན་ཐང་དུ་འདུ་འཛོམས་ཀྱིས། དང་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Feddy Lim) ལགས། ཚོགས་གཞོན་སྐུ་ཞབས་ (Sun Han Hung) ལགས། ཐའེ་པེ་ས་གནས་འཐུས་མི་ (Miao Poya) ལགས་དང་ (Lin Liangjun) ལགས། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་བཅས་ནས་གསུམ་བཅུའི་དུས་དྲན་དང་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ཐད་གསུང་བཤད་གནང་ཡོད་པ་རེད།
དེ་ནས་ཚོུད་ ༢ ཙམ་ནས་གོང་གསལ་ས་གནས་ནས་འགོ་འཛུགས་ཀྱིས་ཐའེ་ཝན་དུ་ཡོད་པའི་རྒྱའི་དངུལ་ཁང་བརྒྱུད་ཐའེ་པེར་གྲགས་ཅན་ཐོག་རྩེགས་བརྒྱ་དང་གཅིག་བར་བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་རང་དབང་དགོས། བོད་ལ་དྲག་གནོན་མཚམས་འཇོག་བྱོས། རྒྱ་མིའི་དམག་མི་བོད་ནས་ཕར་རྒྱུག་ཅེས་འབོད་སྒྲ་གནམ་སར་ཁྱབ་པར་བརྒྱབ་སྟེ་ཞི་བའི་གོམ་བགྲོད་བྱས་ཡོད་པ་དང་། གོམ་བགྲོད་ཀྱི་བརྒྱུད་རིམ་དུ་ཐའེ་ཝན་གཞུང་ཁོངས་མིན་པའི་ཚོགས་པའི་འགན་འཛིན་མི་གྲངས་ ༡༢ ཙམ་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་ཀྱིས་གཏམ་བཤད་ཀྱང་གནང་ཡོད།
ཐའེ་ཝན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་སྤྱིའི་ནང་ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༨ ནས་འགོ་འཛུགས་ཀྱི་རེས་གཟའ་ལྷག་པ་ནམ་ཡིན་ལ་ཐའེ་བོད་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ནས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་དང་རྒྱལ་ས་ཆེ་ཤོས་གཉིས་པ་ཀའོ་ཞོང་( Kaohsiung) ལ་ཉིན་གཅིག་བཅས་རེ་གཟའ་ལྷག་པ་ནམ་ཡིན་ལ་བོད་རང་དབང་རྐང་འཁོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། དེ་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༣ ཉིན་ཐའེ་ཝན་གྲོས་ཚོགས་ཀྱི་མདུན་ཐང་དུ་ཐའེ་ཝན་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Feddy Lim) ལགས། གྲོས་ཚོགས་འཐུས་མི་ལྕམ་སྐུ་ (Wang Wanyu) ལགས་དང་ (Liu Shyn-Fang) ལགས། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་བཅས་ནས་གསུམ་བཅུའི་དུས་དྲན་གྱི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པར། ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་གྱི་དགོང་མོ་ཚུ་ཚོད་ ༧།༣༠ ནས་ ༩།༥༥ བར་རེས་གཟའ་ལྷག་པའི་བགྲོ་གླེང་ཞེས་པའི་བརྗོད་གཞིིའི་ནང་བོད་ཀྱི་གནད་དོན་ངོ་སྤྲོད་བྱ་རྒྱུའི་ལས་རིམ་སྒྲིག་པར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་སྲིད་བྱུས། རྒྱལ་སྤྱིའི་ཐོག་གི་གནས་བབ་སོགས་དྲི་བ་དྲིས་ལན་གྱི་ལམ་ནས་ངོ་སྤྲོད་མཐིལ་ཕྱིན་པ་ཞུས་ཐུབ་ཡོད་པ་རེད། འབྱུང་འགྱུར་ཟླ་འདིའི་ཚེས་ ༡༠ གཞུང་འབྲེལ་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཐའེ་ཝན་གནས་བཞུགས་བོད་མི་སེར་སྐྱ་མིང་མང་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཐའེ་པེ་རང་དབང་ཐང་ཆེན་དུ་ཆེད་འཛོམས་ཀྱི་གསུམ་བཅུའི་དུས་དྲན་དྲན་རྟེན་གྱི་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་བསྐོར་ཞིག་གོ་སྒྲིག་ཞུ་གཏན་ཁེལ་ཡོད་པ་བཅས།།