༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཉིན་གྲངས་གཉིས་རིང་གི་ཞུ་གཏུག་དང་འབྲེལ་ལམ་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཟབ་ཁྲིད་པ་ནི། རྩོམ་པ་པོ་དང་བོད་དོན་སྐོར་ཆེད་མཁས་པ་ལྕམ་སྐུ་ཀེ་ཊེ་སོན་ཌར་སི་ (Kate Saunders) ལགས་ཡིན་ཞིང་། ཁོང་ལ་ལོ་ངོ་ ༢༠ ལྷག་གི་ཞུ་གཏུག་དང་འབྲེལ་ལམ་རིག་པའི་སྐོར་ཉམས་མྱོང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཟབ་ཁྲིད་པ་དང་། ཟབ་སྦྱོང་གི་དགོས་དམིགས་སྐོར་ངོ་སྤྲོད་གནང་ཡོད།
ཟབ་སྦྱོང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁག་གཅིག་དང་། དེ་བཞིན་བཞུགས་སྒར་རྡ་ས་ཁུལ་གྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་བསྡོམས་མི་གྲངས་ ༡༨ ཉམས་ཞུགས་གནང་ཡོད་ཅིང་། ཟབ་སྦྱོང་གི་འགྲོ་གྲོན་སླད་ཨ་རིའི་རོགས་ཚོགས་ (USAID) དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (NDI) གཉིས་ནས་མཐུན་འགྱུར་གནང་ཡོད་པ་བཅས། །