༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༥༠ བོོད་ཟླ་ ༡ ཚེས་ ༨ དང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༢༧ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་གཞུང་ཆེན་མདོ་སྔགས་སློབ་ཐོན་སྐབས་ ༢༠ པའི་སློབ་ཐོན་མཛད་སྒོ་དང་། ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་མདོ་སྔགས་རིག་གནས་དང་བཅས་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་སྒྲོགས་སྦྱང་བཅས་ཀྱི་མཛད་སྒོར་ཇི་ལྟར་མགྲོན་འབོད་གནང་བ་བཞིན། རྒྱུགས་ཞིབ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་མཛད་སྒོར་ཆེད་ཕེབས་ཀྱིས་སློབ་ཐོན་པ་རྣམས་ལ་བླང་དོར་ལམ་སྟོན་གྱི་གསུང་བཤད་དང་། དེ་བཞིན་མདོ་སྔགས་སློབ་ཐོན་སྐབས་ ༢༠ པའི་སློབ་མ་བཞི་ལ་ལེགས་སྐྱེས་དང་མཇལ་དར་ཕུལ་ཡོད།
བྱེས་ཀྱི་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནི། བོད་གངས་ལྗོངས་སུ་རིག་གནས་གསར་བརྗེ་ཞེས་པའི་དུས་འགྱུར་གྱི་རླུང་འཚུབ་དྲག་པོས་བོད་ཀྱི་སྣོད་བཅུད་གཉིས་ཀ་མིང་གི་ལྷག་མ་ཙམ་དུ་བཟོས་ཀྱང་། གངས་ཅན་ཆོས་སྲིད་ཟུང་གི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གང་ཉིད། ཇི་ལྟར་བརྒྱ་བྱིན་ཉེ་དབང་གི་ཚོགས་ཀྱིས་བསྐོར་བ་བཞིན། ཆུ་སྒང་བསྟན་སྲུང་དང་བླང་དམག་གི་དཔའ་རྩལ་གྱིས་ལམ་ཡངས་པོར་བྱས་པ་བརྒྱུད། འཕགས་ཡུལ་ཆོས་ཀྱི་ཞིང་སར་ཞབས་སོར་ལེགས་པར་འཁོད་དེ། ཕྱི་ལོ་ ༡༩༦༩ ལོར་བཞུགས་སྒར་རྡ་རམ་ས་ལར་ཕྱག་བཏབ་པ་དང་། རྒྱལ་བསྟན་སླར་གསོའི་ཆེད། ཌལ་ཧོར་སོགས་ཡུལ་གྲུ་ཁག་ཏུ་བཞུགས་པའི་བྱེས་འབྱོར་རྣམ་གྲྭ་བ་རྣམས་དང་། སློབ་གྲྭ་ཁག་ནས་དགེ་འདུན་པ་མི་ཉུང་བ་ཞིག་བཞུགས་སྒར་དུ་བཀའ་འགུགས་ཀྱིས་གྲྭ་ཚང་གི་སྒྲིག་ཁོངས་སུ་འཇུག་བཞེས་གནང་སྟེ། སྔར་སྲོལ་སྒྲིག་ལམ་ཀུན་སྤྱོད་དང་། གཏོར་སྒྲུབ་སྒྲུབ་མཆོད། དཀྱིལ་འཁོར་འབྲི་ཐིག འདོན་རྟ་དབྱངས། གཏོར་བཟོ་དཀར་རྒྱན། དུང་རྒྱ་རོལ་མོ། གར་དང་འཆམ་སོགས་བསྐྱར་གསོ་གནང་ཐོག མདོ་སྔགས་གཞུང་ཆེན་ཁག་གི་བཤད་གྲྭ་གསར་འཛུགས་བཀའ་དྲིན་བསྐྱངས་པས་དེང་བཤད་སྒྲུབ་དང་མདོ་སྔགས་གཉིས་ལྡན་གྱི་གྲྭ་ཚང་ཞིག་ཏུ་གྱུར་པ་འདི་ཉིད་བྱུང་།
ད་ལྟའི་གྲྭ་ཚང་གི་མཁན་པོ་དབུ་བཞུགས་མཁན་ཐོག་དྲུག་པ་བསོད་ནམས་སངས་རྒྱས་མཆོག་ཡིན་ལ། དེ་ཡང་མཁན་ཐོག་དྲུག་པ་བསོད་ནམས་སངས་རྒྱས་མཆོག་ནི་བོད་ཤར་ཕྱོགས་ཀོང་པོ་རྒྱ་མདའ་རྫོང་འོག་ཤབ་སྣང་ཚབ་ཉང་རུའི་ཁྱིམ་དུ་ཕྱི་ལོ་ ༡༩༣༡ ལོར་སྐུ་འཁྲུངས་ཤིང་། དེ་ནས་དགུང་ལོ་ ༡༠ བར་གཟིམ་ ཁང་དུ་ཡབ་ཡུམ་དང་ལྷན་དུ་བཞུགས། དེ་རྗེས་སློབ་གྲྭར་ལོ་ངོ་བཞི་ཙམ་བསྐྱོད་ནས་འབྲི་ཀློག་དང་། ཡིག་གཟུགས་ནས་བཟུང་སྟེ་སློབ་གཉེར་མཛད། དགུང་ ལོ་ ༡༥ ནས་གདན་ས་གསུམ་གྱི་ཡ་གྱལ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་དུ་ཆོས་སྒོར་ཞུགས། དེ་ནས་དགུང་ལོ་ ༡༨ བར་ཆོས་སྤྱོད་བློ་འཛིན་དང་། མཚན་ཉིད་ཀྱི་གཞུང་ཆེན་ལ་སྦྱངས་པ་མཛད་དེ་འཛིན་རིམ་དབུ་མའི་སྐབས་དགུང་ལོ་ ༢༨ ལ་ཕེབས་པ་སྟེ་ཕྱི་ལོ་ ༡༩༥༩ ལོར་གངས་ལྗོངས་ཀྱི་སྣོད་བཅུད་ཡོངས་རྫོགས་བསྟན་དགྲ་རྒྱ་མིས་བཙན་འཕྲོག་གིས་དུས་འགྱུར་བྱུང་སྟེ་རྒྱ་གར་འཕགས་པའི་ཡུལ་དུ་ྋགོང་ས་མཆོག་གི་ཕེབས་རྗེས་སུ་བཙན་བྱོལ་དུ་འབྱོར།
དེ་ནས་རྒྱ་གར་སྦག་ས་ཆོས་སྒར་དུ་ལོ་ངོ་ ༡༠ རིང་གཞུང་ཆེན་མཚན་ཉིད་དང་བཅས་པར་སྦྱངས་པ་མཛད། དེ་ནས་ལོ་ངོ་ ༡༠ རིང་ལྷོ་ཕྱོགས་མོན་གྷོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སྦྱངས་པ་མཐར་ཕྱིན་གནང་སྟེ་ཕྱི་ལོ་ ༡༩༧༩ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་ཞུས་ཤིང་མཚན་སྙན་གྱི་གྲགས་པ་གདན་ས་གསུམ་ལ་ཁྱབ། ཕྱི་ལོ་ ༡༩༨༠ ལོའི་ཟླ་བ་ ༣ པར་བཞུགས་སྒར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་གསར་བུ་བའི་གཞུང་ཆེན་མཚན་ཉིད་དགེ་རྒན་གྱི་ཐུགས་འགན་རྐང་བཞེས་གནང་། ཕྱི་ལོ་ ༡༩༨༧ ལོར་བཞུགས་སྒར་བོད་གཞུང་དཔེ་མཛོད་ཁང་དུ་ཕྱི་རྒྱལ་བ་ནང་ཆོས་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་ཞུ་མིར་བསྐོ་འཛུགས་གནང་བ་བཞིན། ཕྱི་ལོ་ ༢༠༠༣ བར་ལས་འགན་ལྷུར་བཞེས་མཛད།
ཕྱི་ལོ་ ༢༠༠༣ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་ཐོག་དྲུག་པར་བསྐོ་གཞག་བསྩལ་བ་ནས་བཟུང་མཁན་པོའི་མཛད་འགན་བཞེས་མུས་ཡིན་པ་དང་། དེང་སྐབས་གྲྭ་ཚང་འདི་དགེ་འདུན་བགྲེས་གཞོན་ཞལ་གྲངས་ ༡༧༠ ལྷག་ཙམ་བཞུགས་ཤིང་། དེ་དག་གི་ནང་ནས་གཞོན་གྲས་རྣམས་ཀྱིས་མདོ་སྔགས་ལོ་རིམ་བཅུ་གསུམ་བར་མཚན་ཉིད་ཀྱི་གཞུང་ཆེན་མོ་དང་། འདོན་ཆོག་གི་པོད་ཆེན་ ལྔར་ཐོས་བསམ་སློབ་གཉེར་མུ་མཐུད་མཛད་བཞིན་པའི་ཐོག བོད་ཀྱི་ཐ་སྙད་རིག་གནས་ལས་སུམ་རྟགས་དག་གསུམ་དང་། རྒྱལ་རབས་ཆོས་འབྱུང་། སྙན་ ངག་མངོན་བརྗོད། འཕྲིན་ཡིག་གི་རྣམ་གཞག ཡིག་གཟུགས་སྣ་ཚོགས་སོགས་དང་། ཨིན་ཇིའི་སྐད་ཡིག་སོགས་འཛམ་གླིང་སྤྱིའི་ཤེས་ཡོན་ཁག་ལའང་སྦྱང་ བརྩོན་གནང་བཞིན་པ་དང་། ལྷག་པར་མགོན་པོ་གང་གི་བཀའ་དགོངས་ལམ་སྟོན་ལྟར་གྲྭ་ཚང་གི་གྲྭ་གཞོན་སློབ་གཉེར་བ་ཞལ་གྲངས་ ༢༤ ཙམ་བཞུགས་ སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་མངའ་ཁོངས་དགེ་འཕེལ་བྱང་ཆུབ་གླིང་ཁྱིམ་ཚང་ཟུར་བཙུགས་ཀྱིས་སློབ་གཉེར་དང་སྤྱི་འགྲོ་ལྟར་གནའ་དེང་གི་ཤེས་རིག་ཁག་ལ་སྦྱང་བརྩོན་གནང་མུས་བཅས་ཀྱི་བྱུང་རིམ་མདོར་བསྡུས་སུ།།