༄༅། །འདི་གར་ཨོ་ཌི་ཤཱ་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༥ ཉིན་ཨོ་ཌི་ཤཱ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་གྱི་དཔེ་འཁྲིད་དགེ་རྒན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མཁན་པོ་པདྨ་བསྟན་འཕེལ་ལགས་ཀྱིས་ས་གནས་འགོ་འཛིན་གྱི་ལས་ཁུར་དབུ་འཛུགས་གནང་ཡོད་པ་དང་། རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ལྡི་ལི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་སྤྲོད་དཔང་གིས་འགན་འཁུར་བཞེས་ཐོག་ས་གནས་འགོ་འཛིན་ལས་ཚབ་སྡེ་འགན་བསམ་གཏན་ཆོས་འཕེལ་ལགས་དང་ས་འགོ་ཚབ་གསར་མཁན་པོ་པདྨ་བསྟན་འཕེལ་ལགས་རྣམ་གཉིས་དབར་ས་གནས་འགོ་འཛིན་གྱི་བདག་དབང་དུ་ཡོད་པའི་ཡིག་ཆ་དང་། ཡིག་ཕེལ། འཛིན་ཆས་སོགས་རྩིས་ལེན་རྩིས་སྤྲོད་གནང་རྗེས་ས་འཐུས་ཚོགས་གཙོ་དང་ཚོགས་གཞོན། ས་གནས་རང་བདེན་ཚོགས་ཆུང་། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། གཞིས་གྲོང་ཁག་གི་སྤྱི་མི་རྣམ་པ། ཡན་ལག་སྨན་རྩིས་ཁང་གི་སྐུ་ཚབ། སྨན་ལྷ་སྨན་ཁང་གི་འགན་འཛིན། ས་གནས་བུད་མེད་དང་གཞོན་ནུའི་ཚོགས་གཙོ། གཞན་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་གཞིས་མཉམ་གཉིས་ཀྱི་ལས་བྱེད་བཅས་ནས་འཚམས་འདྲི་དང་དགའ་བསུའི་མཇལ་དར་སོགས་ཕུལ་ཡོད།
དེ་རྗེས་ས་འགོ་གསར་རྙིང་དང་། ས་འཐུས་ཚོགས་གཙོ། སྤྲོད་དཔང་བཅས་ནས་གཏམ་བཤད་ཀྱི་ལས་རིམ་སྟབས་བདེ་ཞིག་ཚོགས་པ་བཅས།།