༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༥ ཉིན་མན་ཊི་ས་གནས་འགོ་འཛིན་བསྟན་འཛིན་ཚུལ་ཁྲིམས་ལགས་དང་ལས་བྱེད་རྣམས་ནས་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་སུ་འཚམས་འདྲིའི་མཇལ་བཅར་ཞུས་ཡོད།
སྐབས་དེར་ས་གནས་འགོ་འཛིན་བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ནས་ཧི་མ་ལ་ཡ་ཁུལ་གྱི་གྲངས་ཉུང་མི་རིགས་རྣམས་ལ་རྒྱབ་སྐྱོར་གནང་བ་ཙམ་དུ་མ་ཟད། བཙན་བྱོལ་བོད་མི་རྣམས་ལའང་མཐུན་འགྱུར་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཧི་མཱ་ཅལ་མངའ་སྡེ་དང་རྒྱ་གར་གཞུང་ནས་བཙན་བྱོལ་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ལེགས་འབུལ་དང་མན་ཊི་དང་མཚོ་པདྨ། སུན་ཌར་ནཱ་སྒར། སྤོན་ཌོ་བཀྲ་ཤིས་གླིང་ཁུལ་གྱི་བཙན་བྱོལ་བོད་མིའི་སྐོར་ངོ་སྤྲོད་ཞུས་ཡོད།གཞན་ཡང་ས་གནས་འགོ་འཛིན་གྱིས་ཁོང་ལ་རྒྱ་གར་གཞུང་གིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དང་། ཧི་མཱ་ཅལ་མངའ་སྡེའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༥ བཅས་ངོ་སྤྲོད་ཞུས་པ་མ་ཟད། གཞིས་ཆགས་ཀྱི་ས་བོགས་དུས་འགྱངས་ཞུ་སྒོའི་སྐོར་ཞུ་སྙན་ཕུལ་ཏེ་དེ་དོན་མཐུན་འགྱུར་རོགས་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་ཁོང་མོས་བོད་མིའི་ཁེ་ཕན་ལ་དམིགས་ཏེ་དགོངས་བཞེས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས།།