༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་ཚོགས་ཆུང་གིས་རྒྱ་ནག་ལ་དབྱེ་ཞིབ་མ་གནང་བའི་སྔ་རོལ་དུ་སུད་སི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༨ ཉིན་བོད་ནང་གི་གནས་སྟངས་སྐོར་དྲ་ཐོག་ཞིབ་དཔྱོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད།
དེ་ཡང་སུད་སི་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཞིབ་དཔྱོད་ལྷན་ཚོགས་གཙོ་སྐྱོང་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། ཇར་མ་ནཱིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ཀའི་མུ་ལར་ (Kai Müller) ལགས། བོད་དོན་ཞུ་གཏུག་མཉམ་སྦྲེལ་གྱི་འབྲེལ་མཐུད་པ་གྷོ་རི་ཡ་མོན་ཊ་གོ་མི་རི་ (Gloria Montgomery) ལགས་བཅས་ཀྱིས་གསུང་བཤད་གནང་ཡོད།སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཆེད་མཁས་པ་གསུམ་གྱིས་གསར་འགོད་བསྒྲགས་གཏམ་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ནང་བོད་ཕྲུག་ས་ཡ་གཅིག་ལྷག་སློབ་འཇུག་བྱས་ཏེ་བོད་ཀྱི་རིག་གཞུང་རྒྱ་ནག་ཅན་དུ་སིམ་ཡལ་གཏོང་ཐབས་བྱེད་བཞིན་པ་ཞིབ་ཕྲའི་སྙན་ཐོ་བཏོན་པར་ཐུགས་རྗེ་ཆེ་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་འཆར་གཞི་ལྡན་པའི་ཐོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐོར་དང་། དེ་བཞིན་རྒྱ་གཞུང་གིས་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་ལེན་བྱེད་བཞིན་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་སྐོར་གསུང་གནང་ཡོད་པ་བཅས། །