༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ (Nancy Pelosi) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་རེད།
དེ་ཡང་མཇལ་མོལ་སྐབས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་འཕྲོད་བཞེས། བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་མ་འོངས་འཆར་གཞི་ཁག་གཅིག་སྙན་སེང་ཞུས་ཤིང་། སྐབས་དེར་ཚོགས་ཟུར་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེག་གྷོ་ཝན་མཆོག་རྣམ་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་བ་དང་སྦྲགས་མ་འོངས་ལས་འཆར་ཁག་གི་སྐོར་བཀའ་བསྡུར་ལྷུག་པོ་གནང་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གསར་པ་གྲོས་ཚོགས་འཐུས་མི་ཀྲྀས་ཊོ་ཕར་སི་མིཏ་(Christopher H. Smith) མཆོག་དང་མཇལ་མོལ་གྱིས་ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་གནང་ཐུབ་ན། དེས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་དེ་ལྟ་བུའི་ཁྲིམས་འཆར་གཏན་འབེབས་གནང་རྒྱུར་སེམས་སྐུལ་ཐེབས་ངེས་ཡིན་སྐོར་གསུངས་པ་མ་ཟད། གྲོས་ཚོགས་འཐུས་མི་ཁོང་གིས་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་བཞེས་པའི་སྐབས་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་ཉན་ཞིབ་གོ་སྒྲིག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།
ཚོགས་འདུ་གཉིས་ཀའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་རི་ཅཊ་གྷི་རི་ (Richard Gere) ལགས་དྲྭ་ཐོག་ནས་མཉམ་ཞུགས་གནང་ཡོད་ཅིང་། ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས། བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་བཅས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་བཅར་ཞུས་ཡོད་པ་བཅས།།