༄༅། །བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ར་ས་ཇུག་ནེ་ཝི་སི་ནི་ (Rasa Jukneviciene) ལགས་དང་ཨི་ས་བེལ་སན་ཏོས་ (Isabel Santos) ལགས་རྣམ་གཉིས་དང་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་སེང་ཞུས་ཡོད་པ་རེད།
དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ལི་ཐུ་ནི་ཡཱ་གཞུང་གི་བདེ་སྲུང་བློན་ཆེན་ཟུར་པ་མི་ར་ས་ཇུག་ནེ་ཝི་སི་ནི་ལགས་དང་མཇལ་མོལ་སྐབས་སྐུ་ཚབ་རྣམ་པ་གཉིས་ནས་ལི་ཐུ་ནི་ཡཱ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་གྱི་དམིགས་བསལ་འབྲེལ་བ་དང་། བོད་དང་ལི་ཐུ་ནི་ཡཱ་གཉིས་བར་ལོ་རྒྱུས་དང་འཐབ་རྩོད་བརྒྱུད་རིམ་གཅིག་མཚུངས་ཆགས་ཡོད་ཚུལ་སྐོར་གྲོས་བསྡུར་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་འཆར་གཞི་ལྡན་པའི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ཀྱི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་པ་སྙན་སེང་ཞུས། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ར་ས་ཇུག་ནེ་ཝི་སི་ནི་ལགས་ཀྱིས་ཞུས་དོན་ཁག་ལ་ལེགས་པར་གསན་ཏེ་སོ་བེཊ་མཐུན་ཚོགས་ (Soviet Union) འོག་ཏུ་ལི་ཐུ་ནི་ཡཱའི་མི་མང་གི་དཀའ་སྡུག་མྱངས་བའི་ཉམས་མྱོང་ལས་བོད་ཀྱི་རང་དབང་འཐབ་རྩོད་ལ་བསམ་ཤེས་གནང་ཐུབ་ཅེས་གསུངས།
དེ་མཚུངས་བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཉེ་སྔོན་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཨི་ས་བེལ་སན་ཏོས་ལགས་དང་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་སེང་ཞུས། སྐབས་དེར་ཁོང་མོས་སྤྱི་ཡོངས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་དང་། ལྷག་པར་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་སློབ་འཇུག་གིས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུའི་འཆར་གཞི་འདིང་བཞིན་པ་མ་ཟད། རྒྱ་གཞུང་གིས་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་ལེན་བྱེད་བཞིན་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། གྲོས་ཚོགས་འཐུས་མི་ཁོང་མོས་བདེ་སྡུག་ཞུས་དོན་ཁག་ལ་གསན་རྗེས་བོད་ནང་རྒྱ་གཞུང་གི་དྲག་གནོན་བྱེད་བཞིན་པར་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས།
མཇལ་མོལ་དེ་དག་བརྒྱུད་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་གཉིས་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ནན་བརྗོད་དང་། གོང་ཞུས་ཛ་དྲག་གནད་དོན་ཁག་ཡུ་རོབ་གྲོས་ཚོགས་སུ་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས།།