༢༠༡༡ ཟླ་ ༡༡ ཚེས་ ༤ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དབུ་མཛད་ཟུར་པ་ངག་དབང་བཀྲ་ཤིས་ལགས་དབུ་བཞུགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག ཆོས་རིག་བཀའ་བློན་མཆོག དཔལ་འབྱོར་བཀའ་བློན་མཆོག འཕྲོད་བསྟེན་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་རྒྱ་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང། བོད་མི་རྣམས་བཟོད་ཐབས་བྲལ་བའི་སྡུག་བསྔལ་མྱངས་དང་མྱོང་བཞིན་ཡིན་པར་བརྟེན། བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་རང་ལུས་མེར་སྲེག་གཏོང་མཁན་འདས་སོན་ཅི་རིགས་དང་། ཡང་སྒོས་ཕྱི་ལོ་ ༡༠༡༡ ཟླ་ ༡༡ ཚེས་ ༣ ཉིན་རྟའོ་བྲག་དཀར་ཆོས་གླིང་དགོན་གྱི་བཙུན་མ་དཔལ་ལྡན་ཆོས་མཚོས་བོད་བསྟན་སྲིད་དོན་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ། དེ་བཞིན་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་སྐབས་དམག་མིས་ཉེས་རྡུང་བཏང་སྟེ་འདས་གྲོངས་སུ་གྱུར་བ་རྣམས་དང་། བོད་ཀྱི་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློས་གཏོང་གིས་འཐབ་རྩོད་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་མ་ལུས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་གི་གོ་འཕང་མྱུར་དུ་ཐོབ་ཆེད་དུ་དམིགས་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་ཆུ་ཚོད་གཅིག་རིང་ཚོགས་ཡོད།
སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་མཆོད་འབུལ་སྨོན་ལམ་ཚོགས་དགོས་པའི་སྐོར་ལ་གསུང་བཤད་གནང་དོན། བཀའ་ཤག་ལྷན་རྒྱས་ཚོགས་ནས་ཆོས་རིག་ལས་ཁུངས་ལ་ཛ་དྲག་གིས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་དགོས་ལུགས་བརྗོད་པ་ཡིན། ཁ་སང་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཁམས་ཏྲེ་ཧོར་རྟའུ་དགའ་ལྡན་བྲག་དཀར་ཆོས་གླིང་དགོན་པའི་བཙུན་མ་དཔལ་ལྡན་ཆོས་མཚོས་སྡུག་བསྔལ་ཆེན་པོའི་ཐོག་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ལ་མེར་བསྒྲོན་ནས་ངོ་རྒོལ་གནང་སའི་ས་ཆ་དེར། བཙུན་མ་རང་ཉིད་ཀྱི་སྐུ་ལུས་ལ་མེ་སྤར་ནས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་ཀྱི་ཞི་རྒོལ་སྐད་འབོད་གནང་ཡོད། དེར་བརྟེན་ང་ཚོ་ཚང་མས་ཆོད་སེམས་བརྟན་པོའི་ཐོག་ནས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དེ་རིང་འདིར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་པ་ཞིག་ཡིན། ད་རེས་བོད་བསྟན་སྲིད་ཀྱི་ཆེད་རང་ལུས་ཞུགས་མེར་སྒྲོན་མཁན་ཐེངས་ ༡༡ པ་ཆགས་ཡོད། དེའི་ནང་ནས་དགེ་འདུན་པ་དགུ་དང་བཙུན་མ་གཉིས་བྱུང་ཡོད། ཁོང་རྣམ་པས་གཙོས་གཞིས་ལུས་བོད་མི་རྣམས་རྒྱ་གཞུང་གིས་གཉའ་གནོན་འོག་དཀའ་སྡུག་ཇི་ལྟར་མྱངས་དང་མྱོང་བཞིན་ཡོད་པ་དེ་དག་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ནས་ཤེས་པའི་ཐོག་གདུང་སེམས་མཉམ་སྐྱེ་བྱེད་དགོས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་བོད་མི་རྣམས་ཞིང་བྲན་ལམ་ལུགས་དང་། མུན་ནག གཉའ་གནོན་འོག་ནས་བཅིངས་འགྲོལ་བཏང་སྟེ་བོད་མི་རྣམས་འཚོ་བ་བདེ་སྐྱིད་ངང་སྐྱེལ་གྱི་ཡོད་ཅེས་ཤོད་བཞིན་ཡོད། ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་འཐབ་རྩོད་འདི་བཞིན་ངོས་སྒེར་གྱི་དོན་དག་མིན་པར་བོད་མི་ས་ཡ་དྲུག་གི་བདེ་དོན་གྱི་ཆེད་ང་ཚོས་རང་དབང་འཐབ་རྩོད་བྱེད་ཀྱི་ཡོད་ཅེས་བཀའ་སློབ་སྩལ་ཡོད། འོན་ཀྱང་རྒྱ་གཞུང་གིས་དེར་ཉན་འཇོག་བྱེད་ཀྱི་མེད། དེ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་མཛད་ཡོད། དེང་སྐབས་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་དང་ཆབ་སྲིད་པའི་མདུན་དུ་དྲི་བ་གཉིས་བསླེབས་ཀྱི་ཡོད། དྲི་བ་དང་པོ་ནི། རྒྱ་ནག་གཞུང་གིས་ད་བར་བོད་ནང་བོད་མི་ཚོ་ཧ་ཅང་སྐྱིད་པོ་ཡོད་ཅེས་ཤོད་ཀྱི་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་བཤད་པ་དེ་བདེན་པ་ཡིན་ན། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་དགེ་འདུན་པ་དང་བཙུན་མ་རྣམས་ནད་པ་དང་རྒས་འཁོགས། བྱིས་པ། སྨྱོན་པ་སོགས་གང་ཡང་མིན། འདི་ལྟ་བུའི་དཀའ་སྡུག་འོག་སོ་སོའི་སྐུ་ལུས་མེར་སྲེག་གཏོང་རྒྱུ་དེ་སྐྱིད་དྲགས་པ་རེད་དམ། ཡང་ན་རྒྱག་དྲགས་པ་རེད་དམ། དེ་དྲི་བ་གཅིག་དེ་ཡིན། རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྣམས་སྐྱིད་པོ་ཡོད་སྐོར་ཤོད་བཞིན་ཡོད། འོན་ཀྱང་ང་ཚོས་བལྟས་ན་བོད་ཡུལ་དེ་རྒྱ་ཡུལ་དུ་འགྱུར། བོད་མི་རྣམས་རྒྱ་མིར་འགྱུར། བོད་ནང་འགྲོ་བསྐྱོད་དང་། སྨྲ་བརྗོད། ཆོས་དད་ཀྱི་རང་དབང་མེད་པ་འདི་ལྟ་བུའི་སྡུག་བསྔལ་གྱི་འོག་བསྡད་པ་ལས་ཤི་བ་དགའ་བསམས་ནས་སོ་སོའི་ལུས་པོ་མེར་སྲེག་བཏང་ཡོད། དེར་བརྟེན་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ང་ཚོ་དང་རྒྱ་མི་སུ་ལ་བདེན་པ་ཡོད་མེད་ཉམས་ཞིབ་གནང་རོགས་ཞུ་རྒྱུ་ཡིན། འཛམ་གླིང་སྡིངས་ཆའི་སྟེང་བོད་ནང་ལོ་ཆུང་བ་ ༡༧ དང་ཆེ་བ་ ༣༥ རེད། ཁོང་རྣམ་པས་རང་ལུས་མེར་སྲེག་གཏོང་རྒྱུ་དེ་འ་ཆད་འུ་ཐུག་སྟེ་གནང་བ་རེད། སྤྱིར་བཏང་བོད་མི་ས་ཡ་དྲུག་འཛམ་གླིང་གི་མི་འབོར་གྲས་སུ་ཚུད་དགོས་ཀྱི་རེད་བསམས་སྲིད་ཡོད། རྒྱལ་ཁབ་གཞན་དུ་མི་གཅིག་ཤི་ནའང་ཛ་དྲག་ཐོག་ནས་ཚགས་པར་ནང་བཏོན་བཞིན་འདུག
ང་ཚོའི་བོད་ནང་བོད་མི་བཅུ་གཅིག་གིས་སྐུ་ལུས་མེར་སྲེག་བཏང་བ་དེ་དག་འཛམ་གླིང་གི་མིའི་གྲས་སུ་ཚུད་ཀྱི་ཡོད། དེ་དག་འཛམ་གླིང་གི་སྡིངས་ཆའི་སྟེང་བཞག་སྟེ་ང་ཚོར་རྒྱབ་སྐྱོར་རག་ཐབས་བྱེད་རྒྱུ་དེ་རང་དབང་ལུང་པར་ཡོད་པའི་ང་ཚོའི་ལས་འགན་རེད་བསམ་གྱི་འདུག རྒྱ་ནག་དམར་པོའི་ཆབ་སྲིད་ཀྱི་འགོ་ཁྲིད་པ་ཚོས་བོད་ཕྱི་ནང་གཉིས་ལ་ལས་འགུལ་གཉིས་སྤེལ་གྱི་ཡོད། ཉེ་ཆར་བོད་པའི་སློབ་གྲྭ་ཁག་ནང་བོད་ཡིག་སློབ་རྒྱུ་མཚམས་འཇོག་བྱས་ཏེ་རྒྱ་ཡིག་བསླབ་རྒྱུ་རྒྱ་ཆེ་རུ་བཏང་བའི་སྲིད་བྱུས་ངན་པ་གཅིག་དང་། གཉིས་ནས་བོད་ནང་བླ་སྤྲུལ་ཁག་གི་ཡང་སྲིད་སྐོར་ལ་ཁྲིམས་དང་སྒྲིག་གཞི་བཟོས་ཏེ། ཡང་སྲིད་རྣམས་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་མ་གཏོགས་ཡོང་ཆོག་གི་མེད་པ་དེས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་འཆར་གཞི་དང་བྱུས་ངན་ཞིག་རེད། དེ་བཞིན་བཙན་བྱོལ་སྒྲིག་འཛུགས་གཏོར་བཤིག་གཏོང་རྒྱུའི་བྱུས་ངན་དོན་ཚན་ལྔ་དང་། བོད་དོན་རྒྱབ་སྐྱོར་བ་དེ་དག་ཀྲུང་གོར་ཁ་ཕྱོགས་དགོས་པའི་ཐབས་བྱུས་བཏིངས་ཏེ་བོད་རིགས་གཞོན་སྐྱེས་དེ་དག་ལ་བོད་ཀྱི་སྐད་ཡིག་མ་ཤེས་པ་ཞིག་བཟོ་བ་དང་། ཁྲིམས་དང་སྒྲིག་གཞིའི་ཐོག་ནས་བླ་མ་སྤྲུལ་སྐུའི་ནུས་པ་མེད་པ་བཟོ་ཐབས་ཀྱི་སྤྲུལ་སྐུ་གཏན་འབེབ་བྱེད་ཀྱི་ཡོད། བཙན་བྱོལ་སྤྱི་ཚོགས་འདི་ཚགས་ཚུད་གྲ་འགྲིགས་པོ་ནུས་པ་ཡོད་པ་ཞིག་མཐོང་སྟེ་གཏོར་གཤིགས་གཏོང་དགོས་པ་དང། ཕྱི་རྒྱལ་བས་བོད་པར་རྒྱབ་སྐྱོར་ཇེ་ཆེར་བྱེད་བཞིན་པ་དེ་ཀྲུང་གོར་བློ་ཕྱོགས་རྒྱུའི་སྲིད་བྱུས་འདིང་གི་ཡོད། དེར་བརྟེན་ང་ཚོའི་མཁས་པ་དང་། རྩོམ་པ་པོ། ཆབ་སྲིད་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཚང་མ་ཁ་ཕར་ཕྱོགས་ཏེ་རྒྱ་མིས་བོད་ལ་ག་རེ་བྱེད་ཀྱི་འདུག དེ་དག་ཤེས་པའི་སྒོ་ནས་ཕྱར་གྲུ་མཉམ་འདེགས་ཐོག་འཛམ་གླིང་གི་སྡིངས་ཆའི་ནང་དཀའ་ངལ་དེ་དག་འཇོག་ཐུབ་པ་དགོས་རྒྱུ་གལ་ཆེན་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་མུ་མཐུད་སྨོན་ལམ་གསུང་འདོན་གནང་སྟེ་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་། དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་སྒོར་ ༥༠ ཕུལ་ཡོད་བཅས། །