༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིག་རྩེ་རིན་པོ་ཆེ་མཆོག་ལ་རྒྱ་གར་གཞུང་ནས་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་སྒོ་གསུམ་གུས་པ་ཆེན་པོས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ལ་གཟེངས་རྟགས་འབུལ་བཞེས་གནང་བ་ནི་བོད་མི་དང་ལ་དྭགས་མི་མང་ཚང་མས་དགའ་བ་སྒོམ་དགོས་པ་ཞིག་ཡིན།
པདྨ་ཤྲཱི་གཟེངས་རྟགས་དེ་བཞིན་སྐུ་ཉིད་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་གི་ཐུགས་འགན་བཞེས་ཏེ་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་རླབས་ཆེན་བསྒྲུབས་པར་ངོས་འཛིན་གནང་བ་ཞིག་ཡིན། སྐུ་ཉིད་ཀྱི་གཞན་ཕན་གྱི་མཛད་པ་འཕྲིན་ལས་ཀྱིས་འགྲོ་བ་མི་རིགས་སྤྱི་དང་། ཁྱད་པར་དུ་ནང་པ་སངས་རྒྱས་པའི་བསྟན་པའི་ཞབས་འདེགས་སུ་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་བཅས།།